རྒྱ་ནག་གིས་ཨ་རིས་འབྲེལ་བ་གསོ་ཐབས་བྱ་དགོས་ལུགས་བརྗོད།
2010.02.23
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གནོད་སྐྱོན་ཕོག་པ་དེ་ཨ་མི་རི་ཀའི་ངོས་ནས་གསོ་ཐབས་བྱ་དགོས་ལུགས་བརྗོད་འདུག
རྒྱ་ནག་གཞུང་གིས་སླར་ཡང་ཨ་མ་རི་ཀའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇལ་འཕྲད་ཞུས་པར་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བ་དེས་གནད་དོན་འདིའི་ཐད་རྒྱ་ནག་གི་ཁོང་ཁྲོ་འཇམ་མེད་པའི་མཚོན་དོན་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་དང་ འདིའི་རྐྱེན་གྱིས་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་ལས་འཆར་འགོག་ཐབས་བྱེད་བཞིན་པར་རྒྱབ་སྐྱོར་མི་བྱེད་པའི་ལངས་ཕྱོགས་བཟུང་སྲིད་པར་དྭོགས་པ་བྱེད་བཞིན་ཡོད་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིང་སྒང་གིས་ རྒྱ་ནག་གི་ངོས་ནས་ཨ་མི་རི་ཀས་རྒྱ་ནག་གི་ལངས་ཕྱོགས་ལ་དོ་ནན་གྱིས་བརྩི་བཀུར་བྱེད་སྟེ་ནོར་འཁྲུལ་ཡོ་སྲང་བྱ་རྒྱུར་ཆ་འཇོགས་འཕེར་བའི་ལས་དོན་འགྲུབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་ཅེས་དང་ཨ་མ་རི་ཀའི་ངོས་ནས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་འཕེལ་རིམ་བཟང་པོ་ཞིག་འབྱུང་རྒྱུར་གཟབ་ནན་བྱེད་དགོས་པ་དང་ ཨ་མི་རི་ཀའི་སྲིད་འཛིན་གྱིས་ཏཱ་ལའི་བླ་མ་མཇལ་བ་དང་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་སོགས་ཀྱིས་རྒྱ་ནག་ལ་ཕོག་ཐུག་ཧ་ཅང་ཆེན་པོ་བྱུང་ལུགས་བརྗོད་ཡོད་པ་རེད།
ཨ་མི་རི་ཀའི་ངོས་ནས་རྒྱལ་སྤྱིའི་ནང་གི་གནད་དོན་མང་དག་ཅིག་གི་ཐོག་རྒྱ་ནག་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་ཡང་རྒྱ་ནག་གི་དཔལ་འབྱོར་མུ་འཐུད་འཕེལ་རྒྱས་ཡོང་རྒྱུར་ཨ་མི་རི་ཀའི་རྒྱབ་རྟེན་མེད་ཀ་དག་ཡིན་པ་རེད།
རྒྱ་ནག་གཞུང་གིས་སླར་ཡང་གཟའ་མིག་དམར་ཉིན་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་མཁན་གྱི་ཨ་མི་རི་ཀའི་ཁེ་གཉེར་ལས་ཁང་ཁག་ལ་ཚོང་དང་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད་ ཡིན་ན་ཡང་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱས་པ་དེས་རྒྱ་ནག་དང་ཨ་མི་རི་ཀའི་དམག་དོན་གྱི་འབྲེལ་ལམ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་ན་ཡང་ དོན་དངོས་ཨ་མི་རི་ཀའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མ་གནང་གོང་གི་ཆུ་ཚོད་འགའ་ཤས་ཞིག་གི་སྔོན་དུ་ཨ་མི་རི་ཀའི་གནམ་གྲུ་འོར་འདྲེན་བྱེད་མཁན་གྱི་དམག་གྲུ་ཞིག་ཧོང་ཀོང་གི་མཚོ་ཁར་འབྱོར་ཡོད་པ་རེད།