རྒྱ་ནག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་མཉམ་ལས་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གྱི་སྙན་ཐོ་ཞིག་བཏོན་ཡོད་པར་བརྟེན།
སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱེད་པའི་རྒྱལ་ཚོགས་ནང་གི་རྒྱ་ནག་གི་གཏན་འཇགས་སྐུ་ཚབ་Chen Xuཡིས། ཕྱི་ཚེས་༩གཟའ་པ་སངས་ཉིན་གོང་ཞུས་སྙན་ཐོ་དེའི་ནང་རྒྱ་ནག་གི་སྲིད་ཇུས་དང་ལག་བསྟར་ཁག་ལ་གཞི་རྩ་མེད་པའི་སྐྱོན་འཛུགས་བྱེད་པ་ཞིག་ཡིན་དུས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་གནད་དོན་ཅི་ཡང་ལྷག་མེད་པ་བཞིན་མཉམ་ལས་བྱ་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་འདུག ཡིན་ན་ཡང་རྒྱ་ནག་གི་སྐུ་ཚབ་ཁོང་གིས་རྒྱ་ནག་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇག་འཐུས་མི་ཞིག་ཡིན་དུས་མཉམ་འབྲེལ་རྒྱལ་ཚོགས་དང་མུ་མཐུད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་མཉམ་ལས་བྱ་ཐབས་བྲལ་བ་རེད་ཅེས་དེ་གཉིས་དབྱེ་བ་ཕྱེས་ཡོད་པ་རེད།
ད་དུང་རྒྱ་ནག་གིས་སྙན་ཐོ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྫུན་སྒྲིག་དང་རྒྱ་ནག་ལ་སྡིགས་ར་སྐུལ་བ་ཞིག་ཡིན་པའི་སྐོར་བརྗོད་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་Michelle Bachelet ་ལགས་ཀྱི་ལས་དུས་ཟླ་༨པའི་ཚེས་༣༡ཉིན་རྫོགས་ཡོད་པ་དང་། ལས་དུ་མ་རྫོགས་ཀྱི་སྔོན་རྒྱ་ནག་གི་སྙན་ཐོ་དེ་བཏོན་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་འགྲོ་བ་མིའི་ཐོབ་ཐང་ཚབས་ཆེན་རྡོག་རོལ་གཏོང་གི་ཡོད་པའི་སྐོར་དང་ཤིང་ཅང་ནང་གི་གནས་བབས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ཛ་དྲག་གིས་དོ་སྣང་སྤྲོད་དགོས་པ་བརྗོད་འདུག
དེ་བཞིན་ཕྱི་ཟླ་༩པའི་ཚེས་༨ཉིན་སུད་སི་གཞུང་གིས་ཡུལ་དེའི་ནང་གི་རྒྱ་ནག་གི་གཞུང་ཚབ་པ་ཆེན་མོ་ H.E. Wang Shihting,འབོད་འགུག་གནང་སྟེ་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སེམས་ཚབས་ཡོད་པའི་སྐོར་གསུངས་ཡོད་པ་རེད། སུད་སི་གཞུང་གིས་ལོ་སྔོན་མ་རྒྱ་ནག་དང་འབྲེལ་བའི་ཕྱི་འབྲེལ་ཐབས་ཇུས་གསར་པ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་དང་ཕན་ཚུལ་འབྲེལ་ལམ་དེ་གལ་ཆེ་བརྩིས་པའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རྡོལ་གཏོང་བའི་བྱ་སྤྱོད་ཐད་སྔར་དང་མི་འདྲ་བ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ཡང་ཟླ་༩པའི་ཕྱི་ཚེས་༨ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Antonio Guterres མཆོག་གིས། Austria ནས་ཡིན་པའི་སྐུ་ཞབས་Volker Turk ཞུ་བ་ཁོང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་གསར་པའི་འོས་མིར་བཏོན་ཡོད་པ་ལྟར། ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ནས་ཁོང་ལ་མོས་མཐུན་གྱིས་གཏན་འབེབས་བྱེད་འདུག་པ་དང་། སྐབས་དེར་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཁོང་ལ་ལས་དོན་གནང་ཕྱོགས་ཐད་དྲང་བདེན་དང་ཕྱོགས་ལང་མེད་པ་དགོས་རྒྱུ་ནན་སྐུལ་བྱེད་འདུག སྐུ་ཞབས་Volker Turk ཞུ་བ་ནི། དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པའི་ལས་ཁུངས་སུ་སྤྱི་ཁྱབ་དྲུང་ཆེ་གཞོན་པའི་ཕྱག་ལས་གནང་ཡོད་ཅིང་། ཁོང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་གསར་པར་བསྐོ་གཞག་རྗེས་ཁོང་གི་ཕྱག་ལས་ཐོག་མ་དེ། ཉེ་ཆར་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་དེའི་སྤྱི་ཁྱབ་ཟུར་པ་ལྕམ་Michelle Bachelet ཡིས་ཁོང་གི་ལས་ཡུན་རྫོགས་ནས་ཐོན་ཁའི་སྐར་ཆ་འགའ་ཤས་གོང་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་འདོན་སྤེལ་བྱས་པ་དེ་མཇུག་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད། རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་ཡང་ད་ཆ་ཡུ་གུ་མི་རིགས་སྐོར་གྱི་སྙན་ཐོ་བཏོན་པར་དེར་བརྟེན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་མཉམ་ལས་བྱ་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད།།
གསར་འགོད་པ། བསྟན་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག