༸གོང་ས་མཆོག་གིས་“རྒྱ་ནག་གཞུང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གཉི་གའི་ཐོག་ནས་ངོས་ལ་འབྲེལ་བ་བྱས་ཡོང་གི་འདུག་”ཅེས་བཀའ་སྩལ་ཡོད་པ།

2023.07.08
༸གོང་ས་མཆོག་གིས་“རྒྱ་ནག་གཞུང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་གཉི་གའི་ཐོག་ནས་ངོས་ལ་འབྲེལ་བ་བྱས་ཡོང་གི་འདུག་”ཅེས་བཀའ་སྩལ་ཡོད་པ། ཟླ་བ་༧པའི་ཚེས་༨ཉིན་། བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཆིབས་ཐོན་གནང་སྐབས། བཞུགས་སྒར་ཉེ་མཁྲིས་གྷ་གལ་གནམ་ཐང་དུ་འབྱོར་ཏེ་གསར་འགོད་པར་བཀའ་ལན་ཕེབས་སྐབས།
Photo: RFA

བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་ནས་ལོ་རེ་བཞིན། བཞུགས་སྒར་རྡ་རམ་ས་ལར་ཆར་ཞོད་ཆེ་བའི་སྐབས་དང་བསྟུན་ཏེ། གནམ་གཤིས་སྐམ་ཞད་ཆེ་བའི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆིབས་སྒྱུར་གྱིས། སྐུ་ངལ་གསོ་བ་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་སྲོལ་ཡོད་པ་བཞིན། འདི་ལོར་ཡར་སྤྱི་ཟླ་༧པའི་ཚེས་༨ཉིན་ལ་དྭགས་སུ་ཆིབས་སྒྱུར་ཆེད། བཞུགས་སྒར་ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཆིབས་ཐོན་གནང་སྐབས། བཞུགས་སྒར་ཉེ་མཁྲིས་གྷ་གལ་གནམ་ཐང་དུ་འབྱོར་ཏེ་གསར་འགོད་པར་བཀའ་ལན་ཕེབས་དོན་དུ།  ད་ཆ་“རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ་གཉི་གའི་ཐོག་ནས་ངོས་ལ་འབྲེལ་བ་བྱས་ཡོང་གི་འདུག་”ཅེས་བཀའ་ཕེབས་གནང་གི་འདུག

༸གོང་ས་མཆོག་གིས་“ངོས་ནས་རྟག་པར་རྒྱ་ནག་དང་བཀའ་མོལ་གནང་རྒྱུར་སྒོ་མོ་ཕྱེས་ནས་བསྡད་ཡོད་ལ། ད་ཆ་རྒྱ་ནག་གཞུང་གིས་ཀྱང་བོད་མིའི་སྙིང་སྟོབས་དང་ཆོད་སེམས་འགྱུར་བ་མེད་པ་ཡིན་པར་ཤེས་ཏེ་བོད་ཀྱི་དཀའ་ངལ་སེལ་ཆེད། ཁོ་ཚོས་ངོས་དང་འབྲེལ་བ་བྱེད་རྒྱུའི་འདོད་པ་གནང་གི་འདུག། ང་ཚོས་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཀྱིས་འདུག་རྒྱུ་ལོ་མང་གི་སྔོན་ནས་ཐག་བཅད་ཟིན་པས། ངོས་རང་ནི་ཁོ་ཚོ་དང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡིན། གང་ལྟར་ང་ཚོས་བལྟ་རྒྱུ་རེད། ད་ཆ་རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པའི་ཁར། རྒྱ་ནག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ་གཉི་གའི་ལམ་ནས་ངོས་ལ་འབྲེལ་བྱས་ཡོང་གི་འདུག་”ཅེས་བཀའ་སྩལ་གནང་སོང་། མགོན་པོ་གང་ཉིད་ཆིབས་ཐོན་གྱི་སྐབས་བོད་མི་དང་ཕྱི་རྒྱལ་མི་རིགས་ཧ་ཅང་མང་པོས་བཞུགས་སྒར་ནས་ཕེབས་སྐྱེལ་ཞུས་ཡོད་ཅིང་།

ཕེབས་སྐྱེལ་དུ་བཅར་པ་བསྟན་འཛིན་བསོད་ནམས་ལགས་ནས། ༸གོང་ས་མཆོག་བཞུགས་དུས་སངས་རྒྱས་དངོས་སུ་བཞུགས་ཡོད་པར་བརྟེན། ཧ་ཅང་ཚོར་བ་མི་འདྲ་བ་ཞིག་ཡོད་ནའང་། ཕྱོགས་ཕེབས་ཀྱི་སྐབས་སུའང་གཙུག་ལག་ཁང་རྩ་ཆེན་པོ་ཡིན་པས་རྟག་པར་གཙུག་ལག་ཁང་དུ་ཆོས་མཇལ་དུ་བཅར་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

༸གོང་ས་མཆོག་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཆིབས་བསྒྱུར་གྱིས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འཆར་ཡོད་པ་དང་། ལ་དྭགས་སུ་འབྱོར་ཏེ་ཉིན་ཤས་རིང་སྐུ་ངལ་གསོ་རྒྱུ་དང་། རིམ་པས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ནས་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༧པའི་ཚེས་༢༡ནས་༢༢བར་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་། སྤྱི་ཚེས་༢༣ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་གཏན་ཁེལ་ཡོད་པ་རེད་།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎