རྒྱ་ནག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གསུང་བཤད་ལ་སྐྱོན་བརྗོད།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་རྒྱ་ནག་གི་རྒྱ་མཚོའི་རྩོད་གཞིའི་གནད་དོན་ཞི་བའི་ཐོག་ནས་སེལ་བའི་འདུན་པ་ཡོད་ལུགས་གསུང་བར་སྐྱོན་བརྗོད།

2010.07.30

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་ཨ་མི་རི་ཀའི་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་རྩོད་གཞིའི་གནད་དོན་ཞི་བའི་ཐོག་ནས་སེལ་ཐབས་ཀྱི་འདུན་པ་ཆེན་པོ་ཡོད་ལུགས་གསུངས་པ་དེར་རྒྱ་ནག་ཕྱོགས་ནས་གནད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་གྱི་ཡོད་ལུགས་བཤད་དེ་ངོ་རྒོལ་བྱས་ཡོད་པ་རེད།

དེ་ཡང་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་གཟའ་འཁོར་སྔོན་དེར་ལྦིཏ་ནམ་དུ་ཚོགས་པའི་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཤིག་གི་ཐོག་ལྷོ་རྒྱ་ནག་རྒྱ་མཚོ་དེའི་བདག་དབང་རྩོད་གཞིའི་དཀའ་རྙོག་སེལ་ཐབས་ཀྱི་འདུན་པ་ཡོད་ལུགས་གསུངས་པར་བརྟེན་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀེང་དབྱང་ཧྲེང་གིས་གསར་འགོད་པར། རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང༌། ད་དུང་རྒྱ་ནག་ཕྱོགས་ནས་རྒྱ་མཚོ་དེའི་ནང་ཕྱིའི་རྒྱལ་ཁབ་གཞན་གྱི་གྲུ་གཟིངས་དང་གནམ་གྲུ་འཕུར་བསྐྱོད་བྱེད་པར་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་བྱེད་དགོས་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་དེ། ཨ་མི་རི་ཀས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ལྷོ་ཕྱོགས་མཚོ་ཁའི་ཐོག་མཚོ་དམག་གི་མྱུལ་ཞིབ་ཀྱི་བྱེད་སྒོ་ཞིག་སྤེལ་བ་དེ་ཁྲིམས་འགལ་ཡིན་པ་བཤད་ཡོད་པ་རེད།  རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོ་དང་དེའི་ཐོག་ཏུ་གནས་པའི་གླིང་ཕྲན་ཁག་ཡོངས་རྫོགས་རྒྱ་ནག་གི་བདག་དབང་ཡིན་པ་རྩོད་ལེན་བྱེད་པ་དང༌། དེའི་ཐོག་ལ་ཐེ་ལྦན་དང༌། ལྦིཏ་ནམ་ མ་ལེ་ཤི་ཡ་ སྦུ་རུ་ནེ་ ཕི་ལི་པིན་བཅས་ཀྱིས་གླིང་ཕྲན་ཁག་གྱི་བདག་དབང་ཡོད་པའི་རྩོད་ལེན་བྱེད་པ་ནི་ཁོང་ཚོས་གླིང་ཕྲན་དེ་དག་ནང་དུ་རྡོ་སྣུམ་སོགས་རང་འབྱུང་གི་ཐོན་ཁུངས་ཆེན་པོ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎