༧གོང་ས་མཆོག་གདན་ཞུའི་ཐད་རྒྱ་ནག་ལ་ཇུས་གཏོགས་མེད།
2012.09.12
གནས་ཚུལ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ནས་ཁྱོན་ཉིན་གྲངས་བཅོ་ལྔ་ཙམ་གྱི་རིང་ཨ་རིའི་ནིའུ་ཡོཀ་གཙོས་པའི་མངའ་སྡེ་ཁག་ཅིག་ནང་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་པའི་ཁོངས་ནས། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་(Syracuse)གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་ཆེ་ཐོངས་ལྡན་པའི་རྒྱལ་ཁབ་འདྲ་མིན་གྱི་གཞས་པ་གྲགས་ཅན་ཁག་ཅིག་ལྷན་འཛོམས་ཐོག་༸གོང་ས་མཆོག་སྐུའི་རླབས་ཆེན་གྱི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་གྱི་བསྟོད་དབྱངས་འབུལ་ལམ་ཞུ་རྒྱུའི་ལས་རིམ་དམིགས་བསལ་བ་ཞིག་ཡོད་སྟབས། ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སློབ་གཉེར་ཁང་དེར་༸གོང་ས་མཆོག་གདན་ཞུའི་མཛད་རིམ་སྤེལ་དགོས་དོན་མེད་སྐོར་བཤད་ཡོད་ཀྱང་། གཙུག་ལག་སློབ་གཉེར་ཁང་དེའི་གཙོ་འཛིན་ལྕམ་སྐུ་ནེ་སི་ཀེན་ཌན་ལགས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ང་ཚོའི་སློབ་གཉེར་ཁང་དུ་བསྐྱང་རྒྱུའི་མཛད་རིམ་ཐད་རྒྱ་ནག་གཞུང་ནས་ཇུས་གཏོགས་བྱེད་དགོས་དོན་མེད་པའི་ལན་འདེབས་བྱས་ཡོད་པ་རེད་འདུག།
མཛད་རིམ་ལྟར་ན་མགོན་པོ་གང་ཉིད་མཆོག་སེ་ར་ཁུ་སེ་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གྲངས་གཉིས་ཙམ་གྱི་མཛད་འཆར་སྐབས་ཕྱི་ཚེས་ ༨ སློབ་གཉེར་ཁང་དེའི་ཚོགས་ཁང་ནང་༸གོང་ས་མཆོག་དབུ་བཞུགས་ཆོས་ལུགས་ཁག་གི་གལ་ཆེའི་མི་སྣ་ཁག་ཅིག་བཅས་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་ཡོང་ཐབས་ཀྱི་དམིགས་ཡུལ་གཅིག་མཚུངས་ཀྱི་བལྟ་སྤྱོད་ཐོག་བཀའ་སློབ་དང་བགྲོ་གླེང་ཚོགས་འདུ་དང་། ཕྱི་ཚེས་ ༩ ཉིན་གྱི་དགོང་དྲོ་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ཡོངས་ལས་གོ་ལའི་རྩོད་རྙོག་སེལ་ཐབས་དང་འབྲེལ་བླང་དོར་གྱི་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཁག་ཅིག་ནང་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་སོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག