རྒྱ་ནག་དམག་དོན་སྔོན་རྩིས་ཀྱི་སྤོར་ཆ་བརྒྱ་ཆ་བདུན་ཙམ་ལས་བྱ་རྒྱུ་མིན།


2017.03.04
རྒྱ་ནག་དམག་དོན་སྔོན་རྩིས་ཀྱི་སྤོར་ཆ་བརྒྱ་ཆ་བདུན་ཙམ་ལས་བྱ་རྒྱུ་མིན་པ། རྒྱ་ནག་དམག་མི།
བི་ཀི་པི་ཌི་ཡ།

༄༅། །ཨ་མི་རི་ཀའི་སྲིད་འཛིན་གསར་པ་ཌོ་ནཱལཌ་ཏྲམཔ་མཆོག་གིས་ཨ་རིའི་དམག་དོན་དང་འབྲེལ་བའི་སྔོན་རྩིས་བརྒྱ་ཆ་བཅུ་ཙམ་སྤོར་ཆ་གནང་རྒྱུ་ཡིན་སྐོར་ཡོངས་གྲགས་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གི་དམག་དོན་སྔོན་རྩིས་ཀྱི་སྤོར་ཆ་བརྒྱ་ཆ་བདུན་ཙམ་ལས་བྱེད་རྒྱུ་མིན་པའི་ཉུང་ཁྲིའི་གསལ་བསྒྲགས་བྱས་ཡོད་ཅིང་། འདི་ནི་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་གི་ལོ་འཁོར་དམག་དོན་སྔོན་རྩིས་ཆུང་ཤོས་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མགྲིན་ཚབ་མ་ ཕྷུ་ཡིང་གིས་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། རྒྱ་ནག་གི་ངོས་ནས་ས་ཁོངས་བདག་དབང་དང་འབྲེལ་བའི་རྩོད་རྙོག་ཁག་གྲོས་མོལ་གྱི་ལམ་ནས་ཞི་འཇགས་ཡོང་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན། འོན་ཀྱང་དེ་དང་ཕྱོགས་མཚུངས་ང་ཚོར་སོ་སོའི་བདག་ཐོབ་དང་ཁེ་ཕན། དེ་བཞིན་མངའ་དབང་སྲུང་སྐྱོབ་བྱེད་པའི་ནུས་པ་ཚད་ལྡན་ཡང་དགོས་ཀྱི་རེད་ཅེས་དང་། དམིགས་བསལ་ཕྱི་ཕྱོགས་ནས་རྩོད་རྙོག་གི་ནང་ཐེ་བྱུས་བྱེད་པ་ང་ཚོས་ངེས་པར་འགོག་ཐུབ་པ་དགོས་ཀྱི་རེད་ཅེས་བརྗོད་པ་དང་ཆབས་གཅིག། རྒྱ་ནག་གི་དམག་དོན་འགྲོ་གྲོན་ཇི་ཙམ་གཏོང་མིན་ནི་ཨ་མི་རི་ཀས་མངའ་ཁུལ་དེའི་ནང་ལས་དོན་བྱ་ཕྱོགས་ལ་རག་ལུས་པ་ཡིན་ལུགས་བརྗོད་ཡོད་འདུག
དེ་བཞིན་ཕྷུ་ཡིང་གིས་ཐེ་བྱུས་ཅེས་པ་གནད་དོན་གང་གི་ཐོག་དམིགས་ཚད་བཟུང་མིན་གསལ་ཁ་བཏོན་མེད་ཀྱང་། རྒྱ་ནག་གི་ངོས་ནས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་བདག་དབང་གི་རྩོད་རྙོག་དང་འབྲེལ་བའི་སྒོ་ནས་རྒྱ་ནག་གིས་མངའ་ཁུལ་དེའི་མཚོ་ཁུལ་དུ་ཞི་བ་དང་དམག་དོན་གྱི་འཛུགས་བསྐྲུན་རྒྱ་སྐྱེད་བྱེད་བཞིན་པར་ཨ་མི་རི་ཀའི་ངོས་ནས་སྐྱོན་བརྗོད་བྱེད་བཞིན་པ་དེར་གོ་བ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ད་དུང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མགྲིན་ཚབ་མ་ཕྷུ་མིང་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་དམག་དོན་ནུས་པ་ཨ་མི་རི་ཀ་དང་མཇུག་མཉམ་པ་ཡོང་སྲིད་པའི་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཞིག་ཡིན་ཞིང་། ཨ་མི་རི་ཀ་དང་རྒྱ་ནག་དབར་དམག་དོན་ནུས་པའི་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པ་རེད་ཅེས་བརྗོད་འདུག། འོན་ཀྱང་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་མང་པོས་རྒྱ་ནག་གི་ངོས་ནས་ས་མཚོ་གནམ་གསུམ་གྱི་དམག་དོན་རྒྱ་སྐྱེད་ཤུགས་ཆེ་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་པར་མ་ཟད། རྒྱ་ནག་གི་ངོས་ནས་ཨེ་ཤི་ཡའི་མངའ་ཁུལ་དུ་དམག་དོན་དབང་ཤུགས་རྒྱ་སྐྱེད་གཏོང་བཞིན་པ་དེས་ཨེ་ཤི་ཡའི་ནང་གི་ཡུལ་གྲུ་གཞན་ཚོས་ཀྱང་དམག་དོན་འགྲོ་གྲོན་མང་དུ་མི་གཏོང་ཀ་མེད་ཆགས་ཀྱི་ཡོད་པ་བརྗོད་བཞིན་ཡོད་པ་རེད།།

 

 

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎