ཧོང་ཀོང་གི་གནད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན།
2014.12.04
རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་ཁག་གིས་ཧོང་ཀོང་ནང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཧའ་ཧྲུན་ཡིང་གིས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་གནད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ་དང་། ཕྱི་རྒྱལ་ཡུལ་ཁག་དང་། མི་སྒེར་སུ་འདྲ་ཞིག་ཡིན་ཡང་ཧོང་ཀོང་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མེད་པ་དང་། དེ་བཞིན་ཧོང་ཀོང་ནང་ཁྲིམས་འགལ་ཐོག་ནས་ཚོང་དོན་ལྟེ་གནས་བཙན་བཟུང་ལྟ་བུའི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱ་རྒྱུའི་ང་ཚོའི་ལངས་ཕྱོགས་ཐེངས་མང་གསལ་སྟོན་བྱས་ཡོད་ཅེས་བརྗོད་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གོང་ཞུས་ཧོང་ཀོང་གི་གནད་དོན་ཐོག་ཕྱི་རྒྱལ་གྱི་ཡུལ་གྲུ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཧོང་ཀོང་ནང་སྲིད་ལ་ཐེ་ཇུས་བྱེད་དབང་མེད་ལུགས་ཀྱི་གཏམ་བཤད་སྤེལ་དགོས་དོན་ཡང་ཨ་རིའི་ཕྱི་སྲིད་ལས་ཁང་གི་ཨི་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལས་དོན་ལྷན་ཁང་གི་དཔོན་རིགས་Daniel Russelཡིས་ཕྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་ཀྱི་སྤྱི་ཁྱབ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་སྲིད་ཇུས་འོག་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གནང་ཡོད་པར་ལན་འདེབས་བྱས་པ་ཞིག་ཡིན་པ་རེད། ཟླ་བ་སྔོན་མ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་པེ་ཅིན་དུ་ཕེབས་པའི་སྐབས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་ལྷན་དུ་གསར་འགོད་གསལ་བསྒྲགས་གནང་སྐབས་ཀྱང་ཧོང་ཀོང་མི་མང་གིས་ཞི་བའི་ཐོག་ནས་རང་ཉིད་ཀྱི་འདོད་ཚུལ་བཏོན་རྒྱུར་ཨ་རི་གཞུང་གིས་རྒྱབ་སྐྱོར་གནང་གི་ཡོད་ཡིན་ནའི་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་ཐོག་ཐེ་ཇུས་གང་ཡང་མེད་པ་གསལ་སྟོན་གནང་ཡོད་པ་རེད།
གསར་འགོད་པ་འཆི་མེད།