རྒྱ་ནག་གི་ཐད་གཏོང་མཉེན་ཆས་འཁྱུག་དབྱངས་ནང་བོད་མི་ཚོས་བོད་སྐད་ཚིག་གཅིག་གཉིས་བཤད་ན་བཀག་སྡོམ་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་དྲ་ལམ་ཁག་ཏུ། བོད་སྐད་དང་བོད་ཡིག་ལམ་ནས་སྐད་ཆ་བཤད་པར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གི་ཐད་གཏོང་དང་བརྙན་རྒྱུད་སྤེལ་མཉེན་ཆས་འཁྱུག་དབྱངས་(Douying 抖音)སྤྱི་ཚོགས་དྲ་ལམ་ནང། བོད་མི་ཚོས་བོད་སྐད་ལམ་ནས་ཚོང་གཉེར་གཙོས་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུ་བཀག་འགོག་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། བོད་ནང་གི་བོད་མི་མང་དག་ཅིག་གིས་སྤྱི་ཚོགས་དྲ་ལམ་ནས་འཁྱུག་དབྱངས་བཟོ་ཚོང་ཁང་ལ་དེ་ལྟར་མི་བྱེད་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད་ན་ཡང་། དེ་སྔ་དང་མི་འདྲ་བར་གློ་བུར་བོད་སྐད་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་པས། གནས་ཚུལ་དེའི་རྒྱབ་ན་རྒྱ་ནག་གཞུང་གི་བཀོད་ཁྱབ་ཅིག་ཡོད་པའི་དོགས་གཞི་ཚང་མར་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། སྤྱིར་དེ་སྔ་ནས་བོད་སྐད་རྐྱང་གིས་གླེང་མོལ་བྱས་ཚེ་བཀག་བསྡོམས་བྱེད་བཞིན་ཡོད་ན་ཡང་། བོད་སྐད་བཀག་སྡོམ་ཀྱི་གནས་ཚུལ་དེ་འདི་ལོའི་ཕྱི་ཟླ་ ༥ ཙམ་ནས་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེང་སྐབས་བོད་སྐད་ཚིག་གཅིག་གཉིས་བཤད་པ་ཙམ་གྱིས་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། བོད་ནང་དུ་འཁྱུག་དབྱངས་མཉེན་ཆས་བཀོལ་སྤྱོད་ཀྱིས་ཚོང་ལས་གཉེར་མཁན་དང་བཀོལ་སྤྱོད་མཁན་ཤུགས་ཆེན་ཡོད་པས། རྒྱ་སྐད་རྐྱང་གི་ལམ་ནས་སྐད་ཆ་བཤད་དགོས་པ་དེས་རོང་འབྲོག་མང་ཚོགས་ཚོང་ལས་གཉེར་མཁན་དང་། རྒྱ་སྐད་ལམ་ནས་སྐད་ཆ་བཤད་མི་ཐུབ་མཁན་ཚོར་གྱོང་གུད་ཆེན་པོ་བྱུང་གི་ཡོད་པ་མ་ཟད། གནད་དོན་དེས་བོད་མི་མང་པོ་ཞིག་གི་སེམས་ལ་བློ་ཚབས་སྐྱེས་གཞི་ཞིག་ཆགས་ཡོད་ན་ཡང་། ད་ལྟའི་ཆར་རེ་ཟུང་གིས་གནད་དོན་དེའི་ཐད་གླེང་སློང་བྱེད་ཀྱི་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་མི་མང་དག་ཅིག་གི་བསམ་ཚུལ་བཤད་པ་སོགས་ནག་བསུབ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ནང་། བོད་ཀྱི་ཆོས་གོས་གྱོན་ནས་བརྙན་མང་པོ་དྲ་ལམ་དུ་སྤེལ་བས་ཐད་གཏོང་དྲ་ལམ་ལ་ཚོད་འཛིན་བྱས་པས། ཁམས་རྟའུ་ནས་ཡིན་པའི་བོད་རིགས་ན་གཞོན་ཞིག་གིས་རྒྱ་ནག་མགྱོགས་འཕྲིན་ཚོས་ལས་ཁང་ལ་བརྙན་ལམ་ཞུ་གཏུག་དང་། དེ་བཞིན་མཚོ་སྔོན་འབའ་རྫོང་ནས་ཡིན་པའི་བོད་མི་ཞིག་ནས་སྐད་འཕྲིན་བརྒྱུད་མགྱོགས་འཕྲིན་ཐད་གཏོང་གིས་བོད་སྐད་བཀག་འགོག་བྱེད་བཞིན་པར་ཞུ་གཏུག་གི་མཚན་རྟགས་བསྡུ་རུབ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད་ལ། ཉེ་སྔོན་ཕྱི་ཟླ་ ༦ ཟླ་མཇུག་ཙམ་ནང་བོད་མི་ (Youga) ཞེས་པ་ཞིག་གིས། རྒྱ་ནག་གི་སྲིད་ཇུས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོང་བྱེད་དགོས་བ་འགན་སྲུང་ཡོད་པས། སྤྱི་ཚོགས་དྲྭ་རྒྱ་འཁྱུག་དབྱངས་(Douyin)ནང་བོད་སྐད་བཀོལ་སྤྱོད་བཀག་སྡོམ་བྱེད་བཞིན་པའི་གནད་དོན་ཐད། ས་གནས་གཞུང་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་དྲྭ་ཐོག་གི་ཚོང་བསྒྱུར་ལ་རྒྱབ་སྐྱོར་དང་སྒྲིག་གཞི་སོགས་གཏན་འབེབས་ཀྱིས་ལག་བསྟར་དགོས་པ་སོགས་ཞུ་སྐུལ་བྱས་ཡོད་པ་རེད།
དེ་བཞིན་བོད་མི་གཞན་ཞིག་ནས་འཁྱུག་དབྱངས་བཟོ་ཚོང་ཁང་གིས་བོད་སྐད་བཀག་བསྡོམས་བྱས་པ་དེས་བོད་མི་ཚོར་བློ་ཕམ་དང་། བོད་རིགས་ཚོ་སྐྱེས་པ་ནས་བཟུང་བོད་སྐད་བཤད་བཞིན་ཡོད་པས་རྒྱ་སྐད་བྱང་ཆུབ་པ་ཚང་མས་ཡོང་ཐབས་མེད་པ་དང་། དེང་སྐབས་སྤྱི་ཚོགས་དྲ་ལམ་དེས་བོད་སྐད་ཚིག་གཉིས་བཤད་པ་ཙམ་ནས་ཁ་བཀག་གི་ཡོད་པ་དང་། སྲིད་གཞུང་གི་འགོ་ཁྲིད་ཚོས་གནས་སྟངས་དེ་དག་ཤེས་རྟོགས་ཡོད་པས་ངོས་ནས་མི་མང་གི་འབོད་སྐུལ་ལ་རྒྱབ་སྐྱོར་དང་། བོད་སྐད་ཅུང་ཙམ་བཤད་ཐུབ་པ་ཞིག་བཟོ་རོགས་ཡོང་བ་དང་། དེ་མིན་ཁ་བཀག་བཞག་པ་དེས་བོད་མི་སྟོང་ཕྲག་མང་པོའི་འཁྱུག་དབྱངས་བརྒྱུད་ཚོང་གཉེར་དང་། དེ་བཞིན་ལས་མེད་སློབ་མ་མང་པོས་སྤྱི་ཚོགས་དྲ་ལམ་དེའི་ཐད་གཏོང་བརྒྱུད་ཚོང་གཉེར་དང་ལས་འཚོལ་བྱེད་བཞིན་ཡོད་པས། འཚོ་བ་ལ་དཀའ་ཁག་ཡོང་གི་ཡོད་པ་སོགས་བརྗོད་འདུག
ཡང་བོད་མི་སྤྱི་ཚོགས་དྲ་ལམ་ནས་ཚོང་ལས་གཉེར་མཁན་ཞིག་ནས་གནད་དོན་དེ་དངོས་བདེན་ཡིན་པ་ང་རང་གིས་ཚོད་ལྟ་བྱས་པས་གློ་བུར་བཀག་སོང་བ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགན་བཀོད་ཡོད་པས། བོད་མི་ཚང་མས་གནད་དོན་དེ་ཞུ་གཏུགས་དང་། སྲིད་གཞུང་གི་མགོ་ཁྲིད་ཚོས་གནད་དོན་དེའི་རིགས་ལ་དོ་སྣང་དང་བཀོད་ཁྱབ་དགོས་པ་སོགས་འགྲེལ་བརྗོད་གནང་གི་འདུག་ལ། བོད་རིགས་བུ་མོ་གཟི་ཚོང་གཉེར་བ་ཞིག་གིས་ཀྱང་དེང་སྐབས་དྲ་ལམ་ནས་ཚོང་ལས་གཉེར་བར་རྒྱ་སྐད་བཤད་དགོས་པ་བཟོས་ཏེ་བཀག་བསྡོམས་དང་ནག་བསུབ་གཏོང་གི་འདུག་པས། དེ་ནི་ཐབས་བཀོད་ཅི་ཡང་མེད་པར་གྱུར་བ་སོགས་བློ་ཕམ་ཀྱི་སྐད་ཆ་བཤད་བཞིན་པ་སོགས་མཐོང་རྒྱུ་འདུག
སྤྱི་ཚོགས་དྲྭ་རྒྱ་ (Douyin) ཟེར་བ་སྤྱི་ལོ་ ༢༠༡༦ ལོའི་ཟླ་བ་ ༩ བའི་ནང་སྒོ་འབྱེད་བྱས་པ་དང་། བོད་དང་རྒྱ་ནག་བཅས་ཀྱི་ནང་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༧༠༠ ལྷག་ཡོད་པའི་ཁར། ཚོང་ལས་བྱེད་སའི་སྡིངས་ཆ་གལ་ཆེ་ཞིག་ཆགས་ནས་དེང་སང་བོད་ནང་གི་བོད་མི་ཚོང་པ་དང་། སྤྱི་ཚོགས་ལས་རིགས་གཉེར་མཁན། སྨན་པ། གྲྭ་བཙུན་བཅས་ནས་བེད་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་བོད་སྐད་ཡིག་གཙོས་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་ཁག་ལ་དྲ་ལམ་དང་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་ཚོད་འཛིན་རིམ་པར་བྱེད་བཞིན་ཡོད་པ་བཞིན། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་མཉེན་ཆས་ (Talkmate) དང་ (Bilibili) ཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་དང་། བོད་ནང་སྐད་གྲགས་ཆེ་བའི་དྲ་རྒྱ་ཆེ་ཁག་དང་བོད་སྐད་ཡིག་རྐྱང་བའི་གླེང་མོལ་བྱེད་གནས་སོགས་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་གི་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།