རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ལ་དཀའ་ངལ་དང་འབྲེལ་བོད་ནང་ཕྲུ་གུ་སྐྱེས་བར་ཚོད་འཛིན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་བྱས་ཡོད་པ།

2025.02.12
རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ལ་དཀའ་ངལ་དང་འབྲེལ་བོད་ནང་ཕྲུ་གུ་སྐྱེས་བར་ཚོད་འཛིན་གྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་བྱས་ཡོད་པ།
AP

ཕྱི་ཟླ་ ༡ ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་རྒྱལ་ཁབ་མི་འབོར་ཞིབ་བཤེར་ལས་ཁུངས་ (The National Bureau of Statistics) ཞེས་པས། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་མི་འབོར་འཕེལ་ཚད་དང་གཉེན་སྒྲིག་གི་ཚད་སོགས་ཀྱི་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་ནང་གཉེན་སྒྲིག་གི་ཚད་དེ་བཞིན་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་ཚད་གཞི་དམའ་ཤོས་སུ་ལྷུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ དང་བསྡུར་ན་གཉེན་སྒྲིག་ཚད་གཞི་བརྒྱ་ཆ་ ༢༠ མར་ཟག་ཡོད་པ་བཀོད་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། དེ་སྔ་རྒྱ་ནག་གཞུང་ངོས་ནས་ཕྲུ་གུ་སྐྱེ་ཚད་ཀྱི་ཐོག་ལ་བོད་ནང་དམ་དྲག་ཤུགས་ཆེ་བྱས་ཡོད་རུང། ཉེ་ལམ་རྒྱ་ནག་ནང་ཕྲུག་གུ་སྐྱེས་ཚད་ཀྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ད་ཆ་དེ་ལྟ་བུའི་དམ་དྲག་ལག་བསྟར་བྱེད་ཀྱི་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང།

དེང་སྐབས་རྒྱ་ནག་ནང་མི་འབོར་སྐྱེས་ཚད་ཀྱི་གྲངས་ཚད་དང་གཉེན་སྒྲིག་གི་ཚད་དེ་ཤུགས་ཆེན་དམའ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་ནུས་ཤུགས་ཡོད་ཚད་ཀྱིས་ཕྲུ་གུ་སྐྱེས་མཁན་ཚོར་མཐུན་རྐྱེན་སྦྱར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྔ་ལོའི་ཟླ་ ༥ ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་ཟེར་བས། མི་འབོར་རྒན་རྒོན་ཅན་དུ་གྱུར་བཞིན་པའི་གནད་དོན་ལ་ཁ་གཏད་གཅོག་ཆེད། རྒྱ་ནག་ནང་ཕྲུ་གུ་གསུམ་སྐྱེས་ཆོག་པ་མ་ཟད། མི་མང་ཡོངས་ནས་རྒྱ་ནག་གི་བུ་བཙའི་སྲིད་ཇུས་ལ་བརྩི་བཀུར་གྱིས་མི་འབོར་དོ་སྙོམས་ཡོང་དགོས་སྐོར་བརྗོད་ཡོད་པ་རེད་ལ། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཕྲུ་གུ་གཉིས་སྐྱེས་མཁན་ཚོར་གཞུང་ངོས་ནས་འཕྲོད་བསྟེན་འགན་བཅོལ་(Health Insurance)ནང་དུ་། བུ་བཙའི་སྨན་ཡོན་ཚང་མ་ཚུད་ཡོད་པ་སོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། 

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་བཟུང་མི་འབོར་གྱི་དཀའ་ངལ་འཕྲད་གཞིའི་དཀའ་ངལ་ལ་གདོང་ལེན་ཆེད། ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་མཚམས་འཇོག་དང་། རྒྱ་ནག་ནང་ཕྲུ་གུ་སྐྱེས་མཁན་མང་དུ་གཏོང་དགོས་པའི་བཀོད་ཁྱབ་དང་ཆ་རྐྱེན་ཇེ་ཡག་ཏུ་གཏོང་གི་ཡོད་ན་ཡང་། རྒྱ་ནག་གི་མི་འབོར་འཕེལ་ཚད་དང་གཉེན་སྒྲིག་གི་གནས་བབ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ་མ་ཟད། ༢༠༢༤ ལོར་རྒྱ་ནག་གི་ལོ་རྒྱུས་ཁྲོད་གཉེན་སྒྲིག་གི་གྲངས་ཚད་ཉུང་ཤོས་སུ་ལྷུང་ཡོད་པ་དང་། གནད་དོན་དེའི་སྐོར་ལ་ཨ་རིའི་(Wisconsin-Madison) གཙུག་ལག་སློབ་གཉེར་ཁང་གི་མི་འབོར་ཉམས་ཞིབ་ཆེད་མཁས་པ་ཡི་ཧྥོ་ཞེ་ཡ་  (Yi Fuxia) ཡིས། ཕྱི་ལོ་ ༢༠༡༩ ལོའི་ཏོག་དབྱིབས་ནད་ཡམས་རྗེས། རྒྱ་ནག་ནང་གཉེན་སྒྲིག་བྱེད་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༡༢.༢% ཙམ་མར་ཆག་ཡོད་པས། དེ་ལྟར་མུ་མཐུད་ཕྱིན་པ་ཡིན་ན་མ་འོངས་རྒྱ་ནག་གི་དཔལ་འབྱོར་དང་མི་འབོར་དོ་སྙོམས་མེད་པའི་དཀའ་ངལ་འབྱུང་གཞིར་གྱུར་ཡོད་པ་འགྲེལ་བརྗོད་གནང་འདུག 

མ་ཟད་ཉམས་ཞིབ་ཆེད་མཁས་པ་ཡི་ཧྥོ་ཞེ་ཡ་ཡིས། རྒྱ་ནག་ནང་གཉེན་སྒྲིག་གི་ཚད་དེ་སྔ་ལོའི་གཉེན་སྒྲིག་གི་གྲངས་འབོར་ལས་ས་ཡ་ ༡༣.༤༧ ཙམ་གྱིས་ཉུང་བ་ཆགས་ཡོད་པས། རྒྱ་ནག་ནང་གཉེན་སྒྲིག་དང་ཕྲུ་གུ་སྐྱེས་ཚད་ཇེ་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་འཕྲད་དགོས་དོན་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་  ༡༩༨༠ ནས་ ༢༠༡༥ བར་འཆར་ལྡན་བུ་སྐྱེས་ཞེས་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་ལག་བསྟར་དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དེ་ལྟ་བུའི་དཀའ་ངལ་དེ་མུ་མཐུད་འཕྲད་པ་ཡིན་ན། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དམིགས་ཡུལ་དེ་བཞིན་མི་འབོར་གྱི་ཆ་ནས་ནམ་ཡང་ཡོང་མི་སྲིད་པ་ཞིག་ཏུ་གྱུར་ངེས་རེད་ཅེས་བརྗོད་འདུག་ལ། ཡང་ (CNA) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་ནང་མི་འབོར་འཕེལ་ཚད་ཀྱི་ཀའ་ངལ་ཛ་དྲག་ཡིན་རུང། བཟའ་ཚང་ཁ་བྲལ་གྱི་དཀའ་ངལ་དེ་ཡང་ ༢༠༢༣ ལ་གཞིགས་ན་རྒྱ་ཆ་ ༡.༡ ཙམ་གྱི་ཇེ་མང་དུ་སོང་ཡོད་པ་དང་། གནད་དོན་གཙོ་བོ་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་དང་ལས་ཀའི་འགྲན་རྩོད། ན་གཞོན་རྣམས་ཀྱི་ཁྲོད་སྤྱི་ཚོགས་ཀྱི་ལམ་སྲོལ་དང་ཆེ་མཐོང་ལ་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པས་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག 

ལོ་རབས་ ༨༠ ནས་མགོ་ཚུགས་ཏེ་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཞེས། རྒྱ་ནག་ནང་ཁྱིམ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་ལག་བསྟར་གྱིས། འདས་པའི་ལོ་ངོ་མང་པོའི་རིང་སྲིད་བྱུས་དེའི་རྐྱེན་གྱིས། བོད་ནང་གི་བུད་མེད་མང་པོར་བཙན་ཐབས་ཀྱིས་མངལ་སྒོ་བཀག་པའི་གནས་སྟངས་འོག འཕྲོད་བསྟེན་ཡག་པོ་མེད་པ་དང་ལུས་སེམས་གཉིས་ལ་དཀའ་ངལ་འཕྲད་པ་སོགས་ཀྱི་གནས་སྟངས་འབྱུང་གཞིར་གྱུར་ཡོད་པ་རེད། དེའི་རྐྱེན་གྱིས་རྒྱ་ནག་ནང་མི་འབོར་རྒན་གཞོན་དོ་མི་སྙོམས་པའི་གནས་སྟངས་བྱུང་བཞིན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ནས་བཟུང་རྒྱ་ནག་གཞུང་གིས་གནས་སྟངས་དེར་གདོང་ལེན་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་བཙའི་སྲིད་བྱུས་གཏན་འབེབས་ཞེས་པ་ལག་བསྟར་དང་འབྲེལ། ཕྱི་ལོ་ ༢༠༢༥ བར་རྒྱ་ནག་ནང་བུ་བཙའི་སྲིད་བྱུས་ལག་བསྟར་དང་ཕྲུ་གུ་གསུམ་སྐྱེས་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་དང་། ཕྲུ་གུ་སྐྱེས་པར་མཐུན་སྐྱེན་སྦྱོར་དགོས་པའི་ཆ་རྐྱེན་སོགས་ལག་བསྟར་མགོ་ཚུགས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎