རྒྱ་ནག་གིས་བོད་ནང་གཏེར་རྫས་བསྔོགས་འདོན་བྱས་པ་དེས་བོད་མཐོ་སྒང་གི་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེ་གཏོང་ཉེན་ཡོད་པ།

རྒྱ་ནག་གཞུང་གིས་གློག་ཤུགས་ཀྱི་རླངས་འཁོར་བཟོ་བསྐྲུན་ལ་མཁོ་བའི་lithium ཞེས་པའི་དངུལ་མདོག་ལྟར་དཀར་བའི་ལྕགས་རིགས་ཀྱི་གཏེར་རྫས་བོད་ནས་བསྔོགས་འདོན་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་བོད་མཐོ་སྒང་གི་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེ་གཏོང་ཉེན་ཡོད་པ་མ་ཟད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མུས་དེ་ཡང་གཏིང་ཟབ་དུ་འགྲོ་ཉེན་ཡོད་སྐོར། ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་གནས་ཉམས་ཞིབ་འབྲེལ་མཐུད་ཁང་གཡུ་ཐོག་གམ་Turquoise་Roof ཞེས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག རྒྱ་ནག་ནི་ད་ཆ་གློག་ཤུགས་འགྲུལ་འཁོར་བཟོ་བསྐྲུན་གྱིས་ཚོང་སྒྱུར་་བྱེད་མཁན་འཛམ་གླིང་ནང་གི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་པ་དང་འགྲུལ་འཁོར་དེ་རིགས་བཟོ་བསྐྲུན་ཆེད་མཁོ་བའི་Lithium ཞེས་པའི་ལྕགས་རིགས་རྫས་ཀྱི་ཡོང་ཁུངས་རྒྱལ་ཁབ་གཞན་ལ་བརྟེན་དགོས་པས་ན། རྒྱ་ནག་གཞུང་གིས་རང་བྱུང་གཏེར་རྫས་ཀྱི་ཕྱུག་པའི་བོད་མཐོ་སྒང་ནས་གཏེར་ཁ་ཤུགས་ཆེ་བསྔོགས་འདོན་བྱེད་འགོ་བཙུགས་ཡོད་པ་དང་། རྒྱ་ནག་གི་Lithium ལྕགས་རིགས་རྫས་དེ་ཁྱོན་བསྡོམས་བརྒྱ་ཆ་༨༥་ལྷག་བོད་མཐོ་སྒང་ལ་ཡོད་འདུག རྒྱ་ནག་གིས་བོད་མཐོ་སྒང་གི་ཁོར་ཡུག་དང་སྣོད་བཅུད་བརྟེན་འབྲེལ་ལ་དོ་སྣང་རྩ་བ་ནས་མ་བྱས་པར་གཏེར་རྫས་ཁག་མགྱོགས་པོ་དང་རིན་གོང་ཆུང་བའི་ཐོག་ནས་གང་བྱུང་ཤུགས་ཆེ་བསྔོགས་འདོན་བྱེད་བཞིན་པའི་རྐྱེན་གྱིས་རྒྱ་མིའི་གཏེར་རྫས་བསྔོགས་འདོན་བྱེད་མི་ཚོས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་གཏོང་གི་ཡོད་པའི་སྐོར་Turquoise Roofའམ་གཡུ་ཐོག་ཅེས་པའི་བོད་གནས་ཉམས་ཞིབ་འབྲེལ་མཐུད་ཁང་གིས་སྙན་ཐོ་སྤེལ་བའི་ནང་གསལ་འདུག བོད་མིའི་ཉམས་ཞིབ་ལས་ཁང་དེས་མི་བཟོས་སྲུང་སྐར་གྱི་གནས་བསྡུས་རེའུ་མིག་དང་གནས་ཚུལ་འབྱུང་ཁུངས་ཁག་བེད་སྤྱོད་གནང་སྟེ་ཞིབ་འཇུག་གནང་བའི་རྗེས་སུ། རྒྱ་ནག་གཞུང་གིས་བོད་ནང་ནས་ལི་ཐི་ཡམ་ཞེས་པའི་གཏེར་རྫས་སྔོན་འདོན་བྱེད་མུས་དང་། ཨ་རིའི་མི་རྒྱུ་ཆེན་Elon Musk གྱི་གློག་ཤུགས་འགྲུལ་འཁོར་Tesla དང་དེར་ཁ་གཏད་གཅོག་མཁན་རྒྱ་ནག་ནས་བཟོས་པའི་གློག་ཤུགས་འགྲུལ་འཁོར་BYD་སོགས་ཐེ་བའི་གློག་ཤུགས་འགྲུལ་འཁོར་བཟོ་མཁན་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། གོང་ཞུས་འགྲུལ་འཁོར་གྱི་ཁེ་གཉེར་ལས་ཁང་ཁག་གིས་བོད་ནང་ནས་བསྔོགས་བཤེར་བྱེད་བཞིན་པའི་ལི་ཐི་ཡམ་ལ་ཤུགས་ཆེ་བརྟེན་དགོས་ཀྱི་ཡོད་སྐོར་གསུངས་འདུག་ལ་ཡང་གློག་ཤུགས་ཀྱི་འགྲུལ་འཁོར་ག་ཚོད་ཆེ་བ་དང་མགྱོགས་པོ་ཡོད་པ་དེ་ཙམ་གྱིས་ལི་ཐི་ཡམ་ཞེས་པའི་གཏེར་རྫས་ཀྱི་བཟོས་པའི་གློག་རྫས་སམ་battery དགོས་ཀྱི་ཡོད་པའི་སྐོར་གསུངས་འདུག ཡང་བོད་པའི་ཉམས་ཞིབ་ལས་ཁང་གཡུ་ཐོག་གིས་བོད་མཐོ་སྒང་དང་དེའི་ཉེ་འཁྲིས་ཟི་ཁྲོན་དང་མཚོ་སྔོན་ཞིང་ཆེན་བཅས་ནང་ལི་ཐི་ཡམ་ཀྲོན་ས་ཡ་༣་དང་འབུམ་་༦་གི་གཏེར་རྫས་ཡོད་པའི་སྐོར་རྒྱ་མིའི་ས་གཤིས་་རིག་པས་བཤད་པ་ལུང་འདྲེན་ཡང་གནང་ཡོད་པ་སོགས་ཀྱི་གནས་ཚུལ་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག