རྒྱ་ནག་གིས་དམག་གྲོན་སྤར་བར་ཐེ་ལྦན་གྱིས་སྐྱོན་བརྗོད།
2012.03.05
༄༅༎ཁ་ཉིན་རྒྱ་ནག་གིས་དྲག་པོའི་དཔུང་དམག་ཐོག་འགྲོ་གྲོན་སྤར་ཆ་བྱེད་རྒྱུ་གསལ་བསྒྲགས་བྱས་པའི་རྗེས་རེས་གཟའ་ཟླ་བ་ཉིན་ཐེ་ལྦན་གྱིས་རྒྱ་ནག་གི་བྱེད་བབས་དེས་མངའ་ཁུལ་གྱི་བདེ་འཇགས་ཐོག་ཉེན་ཚབས་བཟོ་བའི་སྐྱོན་བརྗོད་གནང་ཡོད་པ་རེད་ ཐེ་ལྦན་གྱི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་དྲེ་ལྦིདྲ་ལོ་ཡིས་རྒྱ་ནག་གིས་ལོ་བསྟུད་མར་དྲག་པོའི་ཐོག་འགྲོ་གྲོན་སྤར་ཆ་བྱེད་པ་དེས་ཐེ་ལྦན་ཙམ་མ་ཟད་མངའ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐོག་ཉེན་ཚབས་བཟོ་བ་རེད་ཅེས་གསུང་འདུག ཁོང་གིས་གོང་ཞུས་བཀའ་མོལ་དེ་ཁ་ཉིན་རེས་གཟའ་ཉི་མ་ཉིན་རྒྱ་ནག་གིས་ཕྱི་ལོ་ ༢༠༡༢ ལོའི་དྲག་པོའི་ཐོག་སྔོན་རྩིས་འཆར་གཞིར་བརྒྱ་ཆ་ ༡༡ དང་གྲངས་ཆུང་ ༢ སྤར་ཆ་བྱས་ནས་་ཨ་རིའི་གྲོ་ལར་འཐེར་འབུམ་ ༡༠༦ དང་ས་ཡ་ ༤༡ གཏོང་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་གསུང་ཡོད་པ་རེད་ ཡིན་ནའང་སྔ་ལོའི་རྒྱ་ནག་གི་སྔོན་རྩིས་འཆར་གཞི་དང་བསྡུར་པ་ཡིན་ན་རྒྱ་ནག་གིས་དྲག་པོའི་ཐོག་གཏོང་རྒྱུའི་དངུལ་འབབ་དེ་ཙམ་གྱི་ཆེ་བ་མེད་ནའང་རྒྱ་ནག་གིས་དྲག་པོའི་ཐོག་གཏོང་རྒྱུའི་འགྲོ་གྲོན་དེ་སྤར་ཆ་བྱས་པ་ཙམ་གྱིས་ཐེ་ལྦན་ལ་དངང་འཚབ་སྐྱེས་གཞི་ཞིག་ཆགས་ཡོད་པ་རེད་ གོང་ཞུས་རྒྱ་ནག་གི་བྱེད་བབས་དེར་ཐེ་ལྦན་གྱིས་ལོ་འདིའི་ནང་དྲག་པོའི་དཔུང་དམག་ཐོག་འགྲོ་གྲོན་གཏོང་རྒྱུ་དེ་ཡང་བརྒྱ་ཆ་ ༧ དང་གྲངས་ཆུང་ ༧ ཡིས་སྤར་ཆ་གནང་ནས་དངུལ་ཨ་རིའི་གྲོ་ལར་འཐེར་འབུམ་ ༡༠ དང་ས་ཡ་ ༧༢ གཏོང་གནང་རྒྱུ་ཡིན་པ་རེད་ ཐེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གོང་ཞུས་དྲག་པོའི་ཐོག་འགྲོ་གྲོན་སྤར་ཆ་གནང་བ་དེ་ཕལ་ཆེ་བ་ཐེ་ལྦན་ནང་བཟོས་པའི་མེ་ཤུགས་འཕུར་མདེལ་དང་དྲག་པོའི་གནམ་གྲུའི་ཐོག་གཏོང་གནང་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད་