ཡར་ཀླུངས་གཙང་པོའི་རྒྱུགས་ཚད་ཀྱི་དཔྱད་གཞི་མཉམ་སྤྱོད་བྱེད་ཐུབ་ཀྱི་མེད།
2017.09.12

༄༅། །རྒྱ་ནག་གཞུང་གིས་གནས་སྐབས་རིང་བོད་ཀྱི་ཡར་ཀླུངས་གཙང་པོའི་རྒྱུགས་ཚད་ཀྱི་དཔྱད་གཞིའི་གནས་ཚུལ་རིགས་རྒྱ་གར་དང་མཉམ་སྤྱོད་བྱེད་ཐུབ་ཀྱི་མེད་པ་དེ་ལྟར་ཡང༌། རྒྱ་གར་མི་སེར་རྣམས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་བསྐོར་དུ་བསྐྱོད་རྒྱུའི་སྐོར་རྒྱལ་ཁབ་གཉིས་དབར་གོ་བསྡུར་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་བཤད་འདུག དེ་ཡང་དེ་རིང་རྒྱ་གར་གྱི་གསར་འགྱུར་ལས་ཁང་ PTI ཡིས་གནས་ཚུལ་འདོན་སྤེལ་བྱས་པར་གཞིགས་ན། དེ་སྔ་ཡིན་ན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མི་སེར་རྣམས་གངས་རིན་པ་ཆེ་དང་མ་ཕམ་གཡུ་མཚོར་གནས་བསྐོར་དུ་གཏོང་གི་ཡོད་པ་དང༌། དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཁབ་གཉིས་དབར་གྲོས་མཐུན་ཞིག་བྱུང་བའི་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུངས་གཙང་པོ་དང༌། གླང་ཆེན་ཁ་འབབ་གཉིས་ཀྱི་རྒྱུགས་ཚད་སྐོར་རྒྱ་གར་ལ་དུས་ནས་དུས་སུ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང༌། ཉེ་ལམ་བོད་དང༌། རྒྱ་གར། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་དབར་ས་མཚམས་འཁེལ་སའི་འབྲོག་ལམ་ཞེས་པའི་ས་གནས་ཀྱི་བདག་དབང་ཐད་རྒྱལ་ཁབ་གཉིས་དབར་འཁྲུག་རྩོད་ཆེན་པོ་བྱུང་བའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་མི་སེར་བོད་ནང་གནས་བསྐོར་དུ་བསྐྱོད་རྒྱུ་བཀག་འགོག་བྱས་པ་ཙམ་མ་ཟད། ཡར་ཀླུངས་གཙང་པོའི་རྒྱུགས་ཚད་སྐོར་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཡང་མཚམས་འཇོགས་བྱས་པའི་རྐྱེན་གྱིས་རྒྱ་གར་ནང་ཕྱི་ཟླ་ ༥ དང་ ༦ པའི་ཆར་དུས་སྐབས་ཆུ་ལོག་གི་ཉེན་ཁར་གདོང་ལེན་གྱི་གྲ་སྒྲིག་རྒྱུར་དཀའ་ངལ་འཕྲད་པར་སོང༌། དེ་རིང་གནད་དོན་དེ་ཚོའི་སྐོར་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Geng Shuang ལ་གནས་འདྲི་བྱས་པའི་ལན་དུ། དེང་སྐབས་ཡར་ཀླུངས་གཙང་པའི་རྒྱུགས་ཚད་ཀྱི་དཔྱད་གཞིའི་འཕྲུལ་ཆ་ཡར་རྒྱས་གཏོང་བཞིན་པ་ཡིན་སྟབས་དེའི་སྐོར་གནས་སྐབས་རིང་རྒྱ་གར་ལ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དེ་ལྟར་ཡང༌། རྒྱ་གར་གྱི་མི་སེར་རྣམས་འབྲས་ལྗོངས་མངའ་སྡེའི་ས་མཚམས་སྣ་ཐོད་ལ་རྒྱུད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་བསྐོར་དུ་བསྐྱོད་ཆོག་པ་བཟོ་རྒྱུའི་ཐད་རྒྱ་གར་མཉམ་སྐད་ཆ་ཤོད་རྒྱུའི་འདུན་པ་ཡོད་ཅེས་བཤད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།