རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་ལོ་སར་སྔ་རྗེས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་ཁག་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་འདུག

2022.02.27
རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་ལོ་སར་སྔ་རྗེས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་གྲས་ཁག་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་འདུག
RFA
རྒྱ་ནག་གཞུང་གིས་ཉེ་ལམ་སྤྱི་ཟླ་༢པའི་ཚེས་༢༢ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ། འབྲས་སྤུངས་དགོན་པ་དང་སེ་ར་དགོན་པ། གཙུག་ལག་ཁང་དང་ར་མོ་ཆེ། རྭ་སྒྲེང་དགོན་པ།ཤར་འབུམ་པ། སེང་གླིང་དགོན་དང་དྭགས་པོ་གྲྭ་ཚང་། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་བཅས་ཀྱི་མིང་ཐོག་ནས་བཀའ་རྒྱ་བཏང་སྟེ། བོད་ཀྱི་ལོ་གསར་སྔ་རྗེས་སུ་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་གནས་སྐབས་རིང་མཚམས་འཇོག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འདོན་ཡི་གེ་ཟེར་བ་ཞིག་བཀྲམས་ཡོད་ཅིང་། དེའི་ནང་ལོ་གཅིག་དུས་གཅིག་གི་སེ་ར་ཕུར་མཇལ་དང་གཙུག་ལག་ཁང་དང་ར་མོ་ཆེའི་ལོ་སར་ཚེས་གཅིག་གི་མཆོད་མཇལ། འབྲས་སྤུངས་གནས་ཆུང་ལྷ་གསོལ་དང་དྭགས་པོ་གྲྭ་ཚང་གི་བཅོ་ལྔ་མཆོད་པ།ལྷུན་གྲུབ་རྫོང་གི་རྭ་སྒྲེང་བྱ་ཟླ་མཆོད་པ། ཤར་འབུམ་པའི་བཅོ་ལྔའི་དུས་ཆེན་དང་། སེང་གླིང་དར་ཆེན་སྐུ་བཞེངས་བཅས་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་འཆར་ལ་ཉེ་བ་ཡིན་ནའང་། ཆོས་ལུགས་བྱེད་སྒོ་ཆེ་གྲས་དེ་ཚོ་གནས་སྐབས་རིང་ཕྱི་ཕྱོགས་ལ་སྒོ་འབྱེད་མཚམས་འཇོག་རྒྱུ་ཡིན་པ་འཁོད་ཡོད་ཅིང་། ཡིག་ཆ་མཁོ་སྤྲོད་གནང་མཁན་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་ཁ་གཡར་བ་ཙམ་མ་གཏོགས། སྤྱི་ལོ་༢༠༢༡ལོའི་ལོ་སར་སྐབས་ཀྱང་སྐད་ཆ་དེ་གཅིག་མཚུངས་སུ་བཤད་ཡོད་པས། དོན་གྱིས་བོད་མི་འདུ་འཛོམས་བཀག་འགོག་དམ་དྲག་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་དེ་རིང་སྤྱི་ཟླ་༢པའི་ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རང་ནས་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་ན། རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་ས་གནས་ཁག་བཅས་སུ། ཉེན་རྟོག་པ་གང་མང་བཀྲམས་ནས་བོད་མི་ཚོ་ཕར་ཚུར་འགྲོ་བསྐྱོད་ལ་དོ་དམ་བྱེད་བཞིན་པའི་ཁར། གཙུག་ལག་ཁང་དང་པོ་ཏ་ལ་སོགས་ལ་མཆོད་མཇལ་དུ་འགྲོ་མི་ཆོག་པའི་བཀག་འགོག་ས་ཚུགས་མང་པོ་བཟོས་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཉེ་ལམ་བཀྲམས་པའི་བཀའ་རྒྱ་དེའི་ནང་དུའང་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་རང་གཞན་གཉིས་ཕན་གྱི་རྣམ་འགྱུར་ཡང་དག་བཟུང་ནས། ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་གྱིས་འདུ་འཛོམས་དང་འགྲོ་འོང་ཉུང་དུ་བཏང་ནས། བདེ་ཞིང་ཐང་བའི་སྒོ་ནས་རང་གནས་སུ་ལོ་གསར་གཏོང་བར་ཞུ་ཞེས་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎