ཤིན་ཅང་ཁུལ་དུ་ཉེན་རྟོག་པས་མི་སེར་གྱི་ཁང་པ་བསྔོག་བཤེར།
2012.06.19
༄༅༎ཤིན་ཅང་ནང་གི་ཁ་ཆེའི་སློབ་གྲྭ་ཞིག་ཐོག་རྒྱ་ནག་གཞུང་གིས་དྲག་པོའི་རྒོལ་རྡུང་བཏང་སྟེ། སློབ་ཕྲུག་༡༢ རྨས་སྐྱོན་ཕོག་པའི་དོན་རྐྱེན་བྱུང་བའི་རྗེས། ད་དུང་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཤིན་ཅང་ནང་གི་མི་དམངས་ཀྱི་ཁང་པ་བསྔོག་བཤེར་བྱེད་ཀྱི་ཡོད་པ་རེད།
དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ཤིན་ཅང་གི་ས་ཁུལ་དེ་ནི་མི་འབོར་ས་ཡ་དགུ་ཙམ་གནས་སྡོད་བྱེད་ཡུལ་ཞིག་དང༌། དེའི་ནང་ནས་མང་ཆེ་བ་ཁ་ཆེ་བ་ཡུ་གུར་མི་རིགས་ཡིན་ཞིང༌། ཡུ་གུར་མི་རིགས་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པ་དང༌། བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པ་ཡུ་གུར་མི་རིགས་ཀྱིས་སྐྱོན་བརྗོད་བྱེད་པ་མ་ཟད། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་མི་དགའ་བའི་ངོ་རྒོལ་གྱི་ཟིང་ཆའི་དོན་རྐྱེན་ཡང་སེ་སྤེལ་གི་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐད་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་རེད། འོན་ཀྱང་དེ་རིང་ཨ་མི་རི་ཀའི་ནང་དུ་ཡོད་པའི་ཡུ་གུར་ཨ་རིའི་མཐུན་ཚོགས་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་ཡིས་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན། ཕྱི་ཟླ་དྲུག་པའི་ཚེས་༦ ཉིན་རྒྱ་ནག་གཞུང་གིས་ཤིན་ཅང་གི་ཧེ་ཏན་གྲོང་ཁྱེར་ནང་དྲག་པོའི་དོན་རྐྱེན་གྱི་ཟིང་ཆ་བྱུང་བའི་རྗེས། ཤིན་ཅང་ནང་དུ་ཡོད་པའི་གསང་བའི་ཁ་ཆེའི་སློབ་གྲྭ་ཁག་ཐོག་དྲག་པོའི་རྡུང་རྡེག་བཏང་བ་མ་ཟད། ད་ཆ་ཤིན་ཅང་མི་དམངས་ཚོའི་ཁྱིམ་ཚང་བསྔོག་བཤེར་བྱ་སྤྱོད་འགོ་བཙུགས་ཏེ། གལ་ཏེ་ས་གནས་མི་དམངས་ཚོས་ཁང་པ་སྒོ་མ་ཕྱེ་བ་དང༌། ཉེན་རྟོག་པའི་བཀའ་བཀོད་དང་ལེན་མ་བྱས་པ་ཡིན་ན། སྒོ་གཏོར་་ཏེ་ཁང་པ་བསྔོག་བཤེར་བྱ་རྒྱུ་མ་ཟད། ཉེན་རྟོག་པ་དང་མཉམ་ལས་མ་བྱས་པའི་མཇུག་འབྲས་ཇི་ཡོང་འགན་སོ་སོས་འཁུར་དགོས་པའི་ཉེན་བརྡའི་ཡི་གེ་སྦྱར་ཡོད་པའི་སྐོར་དང༌། ད་དུང་ཧེ་ཏན་གྲོང་ཁྱེར་གྱི་ཉེན་རྟོག་པས་ཁྱིམ་ཚང་བསྔོག་བཤེར་གྱི་བྱེད་འགོ་བཙུགས་ཟིན་པའི་སྐོར་ལ། ཉེན་རྟོག་པ་ཞིག་གིས། ཕེ་རན་སི་གསར་འགོད་པར། མི་དམངས་མང་ཆེ་བས་ཉེན་རྟོག་པ་དང་མཉམ་ལས་བྱེད་ཀྱི་ཡོད་པ་དང༌། འོན་ཀྱང་ཁག་ཅིག་གིས་མཉམ་ལས་བྱེད་ཀྱི་མེད་ནའང་ཉེན་རྟོག་པའི་ངོས་ནས་མི་དམངས་ཀྱི་སྒོ་གཏོར་་དགོས་པ་བྱུང་མ་སོང་ཞེས་བཤད་དེ། སྐད་ཆ་མཇུག་མ་བསྒྲིལ་གོང་ཁ་པར་མཚམས་བཞག་པའི་གནས་ཚུལ་བྱུང་བ་བཀོད་ཡོད་པ་རེད།