རྒྱ་གཞུང་གིས་བོད་ནང་ལོ་གསར་སྲུང་བརྩི་དགོས་པའི་བཙན་བཀའ།
2013.02.09
༄༅༎ བོད་ནང་ལོ་གསར་ཤར་ལ་ཉེ་བའི་སྐབས་འདིར་རྒྱ་གཞུང་གིས་མདོ་སྨད་མཚོ་ལྷོ་ཁུལ་དུ་ཕྱི་ཟླ་དང་པོའི་ཚེས་ ༢༠ ནས་བཟུང་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་ནང་རང་ལུས་མེ་སྲེག་སྐོར་གྱི་བརྡ་ཁྱབ་དང་པར་རིས་རིགས་འདྲ་མིན་འགྲེམས་སྤེལ་བྱས་པའི་ཐོག་ནས་མི་མང་ཐོག་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད། ས་གནས་སྲིད་གཞུང་གི་མི་སྣ་ཚོས་སྡེ་བ་སོ་སོ་དང་ཁྱིམ་ཚང་སོ་སོའི་ནང་དུ་ཡོང་སྟེ་མང་ཚོགས་ཀྱིས་ད་ལོའི་ལོ་གསར་གཟབ་རྒྱས་ངང་ངེས་པར་དུ་གཏོང་དགོས་པ་དང་། མང་ཚོགས་ཀྱིས་ལོ་གསར་སྲུང་བརྩི་ཚབ་ཏུ་མྱ་ངན་བྱས་པ་ཡིན་ན་ཆད་པ་ལྗིད་པོ་གཏང་རྒྱུ་དང་། ལོ་གསར་སྲུང་བརྩི་བྱེད་ན་དགའ་རྟགས་སྟེར་རྒྱུ་ཡིན་པ་དང་སྡེ་བ་སོ་སོས་ངེས་པར་དུ་ མདའ་འཕེན་པ་དང་། རྩེད་རིགས་རྩེད་དགོས་པ། ཤོག་སྦག་རྒྱག་དགོས་པ། མདའ་འཕེན་པ་དང་། རྩེད་རིགས་སོགས་རྩེད་ན་རྒྱ་སྒོར་སུམ་ཁྲི་ནས་བཞི་ཁྲི་བར་དགའ་རྟགས་སྟེར་རྒྱུ་ཡིན་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་རྨོ་བསྒྱུར་ནགས་འདེབས་ཀྱི་སྒོར་མོ་དང་ཕྱུག་བསྒྱུར་རྩྭ་འདེབས་ཀྱི་སྒོར་མོ་སྤྲོད་རྒྱུ་མིན་ལུགས་དང་། དགོན་པ་དང་གྲྭ་བ་སུས་ཀྱང་ལོ་གསར་མ་གཏོང་ཞེས་
མི་མང་ཁྲོད་ལ་དྲིལ་བསྒྲགས་ངན་སྐུལ་བྱེད་པ་ཡིན་ན་ཁྲིམས་ཆད་གཏང་རྒྱུ་སོགས་གང་བྱུང་བརྗོད་ནས་འཇིགས་སྐུལ་བྱས་ཡོད་ལུགས་སུས་སིར་བཅའ་བཞུགས་བསོད་ནམས་ལགས་ཀྱིས་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་གསལ་ཡོད་པ་རེད།།