གྲོང་ཁྱེར་སྤྱི་ཁྱབ་པའི་ལྐོག་ཟ་ལ་རྒྱ་ནག་གིས་ཞིབ་འཇུག
2014.10.30
རྒྱ་ནག་གི་ཤིན་ཅང་མངའ་ཁུལ་གྱི་གྲོང་ཁྱེར་སྤྱི་ཁྱབ་པའི་ལྐོག་ཟའི་གནད་དོན་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་འདུག
དེ་ཡང་རིའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན། ཡུ་གུར་མི་རིགས་གནས་སྡོད་བྱེད་ཡུལ་ཤིན་ཅང་མངའ་ཁུལ་གྱི་Hotanཞེས་པའི་གྲོང་ཁྱེར་སྤྱི་ཁྱབ་པ་Adil Nurmemetགྱིས། ལས་རྒྱུན་རིང་ལྐོག་ཟ་བྱས་བའི་གནད་དོན་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་ལུགས་བཀོད་ཡོད་པ་རེད། ལོ་ན་བཞི་བཅུ་ཞེ་དྲུག་ཡིན་པའི་གྲོང་ཁྱེར་སྤྱི་ཁྱབ་པ་ནུར་མེདྲ་ནི་ད་ལྟའི་ལས་གནས་ཐོག་ཕྱི་ལོ་༢༠༠༩ལོ་ནས་བཟུང་ཡོད་པའི་སྐོར་བཀོད་པ་ལས་དམིགས་བསལ་ཞིབ་ཕྲའི་གནས་ཚུལ་གསལ་པོ་བཀོད་མེད་པ་རེད།
སྤྱིར་བཏང་ཤིན་ཅང་མངའ་ཁུལ་འདིའི་ནང་མང་ཆེ་བ་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་དང་། འདས་པའི་ལོ་ཤས་ནས་བཟུང་ཁ་ཆེ་དང་རྒྱ་མི་རིགས་དབར་འཁོན་འཁྲུག་ཀྱི་གནས་ཚུལ་དང་། དེ་བཞིན་ཡུ་གུར་མི་རིགས་ཁག་ཅིག་ནས་འཇིགས་སྐུལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་དང་ཁྲིམས་ཆད་མང་པོ་ཕོག་ཡོད་པ་བཅས་མངའ་ཁུལ་དཀའ་རྙོག་ཅན་ཞིག་ཡིན་པ་རེད། ད་རེས་གོང་ཞུས་གྲོང་ཁྱེར་དེའི་སྤྱི་ཁྱབ་པར་ལྐོག་ཟའི་གནས་ཚུལ་ཐོན་པ་དེ་ནི་སྲིད་འཛིན་ཞི་ཅིང་ཕེན་གྱིས་གཞུང་འཛིན་པ་ནས་བཟུང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་འཇུག་ནན་པོ་བྱེད་རྒྱུ་ཡིན་ལུགས་ཁས་ལེན་གནང་བའི་འོག་ནས་ད་བར་དཔོན་རིགས་མཐོ་གྲས་འགའ་ཤས་ཐོག་ཞིབ་འཇུག་དང་ཉེས་ཆད་འགེལ་ཡོད་པ་རེད། འོན་ཀྱང་ཁ་ཆེའི་ཡུ་གུར་མི་རིགས་ཀྱི་དཔོན་རིགས་མཐོ་གྲས་སུ་ལྐོག་ཟའི་གནས་ཚུལ་བྱུང་བ་ཉུང་ཤས་ལས་མེད་པའི་སྐོར་ཡང་བཀོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།