རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ལྐོག་ཟ་རུལ་སུངས།
2009.05.10
༄༅༎ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་དུས་ཚིགས་དེ་ནི་ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་སྟེ་མི་ལོ་གཅིག་འཁོར་བའི་དྲན་གསོའི་ཉིན་མོ་འཁེལ་བ་དང་ལྷག་པར་དུ་གོད་ཆགས་ཆེན་པོ་དེ་བྱུང་སྟེ་མི་ལོ་གཅིག་འཁོར་བའི་རིང་ས་གནས་དེ་དག་གི་གནས་སྟངས་དང་མི་དམངས་ཀྱི་འཚོ་གནས་རྣམས་རིམ་བཞིན་རང་གནས་སུ་འགྱུར་བཞིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ད་དུང་ས་ཁུལ་དེའི་ནང་གི་འཛུགས་སྐྲུན་སླར་གསོའི་ལས་གཞིའི་ཐོག་ནས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་འགྱུར་ལྡོག་མེད་པར་མུ་མཐུད་གནས་བཞིན་ཡོད་པ་རེད།
ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་དེའི་འོག་མི་དམངས་རྐྱེན་ལམ་དུ་ཕྱིན་པ་དང་ཕུང་པོ་རྙེད་སོན་མ་བྱུང་བ་བཅས་ཁྱོན་མི་གྲངས་བརྒྱད་ཁྲི་བདུན་སྟོང་འདས་གྲོངས་སུ་ཕྱིན་ཡོད་པ་དང་གཞུང་གི་དཔོན་རིགས་ཚོས་ས་གནས་དེའི་ནང་གི་གོད་ཆགས་ཕོག་པའི་མི་དམངས་ཚོའི་དཀའ་སྡུག་གི་ངུ་འབོད་དང་ལས་མེད་དཀའ་ངལ་སེལ་ཐབས་གདོང་ལེན་བྱ་དགོས་པ།ལྷག་པར་དུ་གཞུང་ཕྱོགས་ལ་མི་དམངས་ཀྱི་ཁོང་ཁྲོའི་རྣོ་ངར་ཆེ་རུ་འགྲོ་བའི་རྙིགས་འཛིངས་ཆེ་བའི་ས་ཁུལ་དེའི་ནང་གི་མི་དམངས་ཚོས་རེས་གཟའ་མིག་དམར་ཉིན་ས་ཡོམ་གྱི་གོད་ཆགས་དེའི་ནང་རང་ཉིད་ཀྱི་ནང་མི་དང་ཕ་མ་སྤུན་མཆེད།བུ་ཕྲུག་སོགས་འདས་གྲོངས་སུ་ཕྱིན་པ་ཚོར་ལོ་གཅིག་འཁོར་བའི་དྲན་གསོ་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད། ཡིན་ནའང་དབུས་གཞུང་གིས་ས་གནས་མི་དམངས་ཐོག་བལྟ་སྐྱོང་བྱེད་སྟངས་ལ་ཡུལ་མི་ཚོས་འདོད་བློ་ཁེངས་པོ་བྱེད་ཀྱི་ཡོད་ཀྱང་ས་གནས་ཀྱི་དཔོན་རིགས་ཀྱི་ལས་དོན་བྱེད་ཕྱོགས་ལ་འདོད་འབབ་རྩ་བ་ནས་བྱེད་ཀྱི་མེད་པའི་བསམ་ཚུལ་བཤད་ཀྱི་ཡོད་ཅིང་ཟི་ཁྲོན་ཞིང་ཆེན་གྱི་ཏུ་ཅང་དབྱན་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནང་ལས་ཀ་བྱེད་མཁན་རུས་མིང་ཀྲང་ཟེ་བ་ཞིག་གིས་རྒྱ་ནག་དབུས་གཞུང་གི་སྲིད་ཇུས་ཧ་ཅང་གི་ཡག་པོ་ཡོད་པ་དང་མི་དམངས་ཚང་མར་བལྟ་སྐྱོང་ཡག་པོ་བྱས་ཡོད་ཀྱང་ས་གནས་ནང་གི་དམའ་རིམ་དཔོན་རིགས་ཚོས་ད་དུང་ཡང་ཡག་པོ་བྱེད་ཀྱི་མེད་པར་འཛུགས་སྐྲུན་གྱི་ལས་གཞི་ནས་ལྐོག་ཟ་རུལ་སུངས་མུ་མཐུད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐད་མི་དམངས་ལ་བློ་འཚབ་ཆེན་པོ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད༎