རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ངན་བྱུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་ཚོས་ངོས་ལེན་རྩ་ནས་བྱེད་ཀྱི་མིན་སྐོར། སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུངས་སོང་།

2024.09.06
རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ངན་བྱུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་ཚོས་ངོས་ལེན་རྩ་ནས་བྱེད་ཀྱི་མིན་སྐོར། སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུངས་སོང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ་སྐོར་གྱི་ཚོགས་འདུ་པར། ༢༠༢༤། ༩། ༣ ཉིན།
པར་ཁུངས། China state media

ཕྱི་ལོ་ ༢༠༢༤ ལོའི་ ༩ ཚེས་ ༣ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གོ་སྒྲིག་འོག་བོད་ནང་གི་བླ་ཆེན་དང་རྒྱ་ནག་གི་ཆེད་མཁས་པ་ཟེར་བ་སོགས་མི་གྲངས་ ༥༠ ཙམ་འདུ་འཛོམས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལོ་རྒྱུས་ངེས་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ་གྱི་བགྲོ་གླེང་ཞེས་པ་ཞིག རྒྱ་ནག་གི་ཀན་སུའུ་ཞིང་ཆེན་ལན་ཀྲུ་གྲོང་ཁྱེར་དུ་འཚོགས་ཏེ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དེ་རྒྱ་ནག་གཞུང་གིས་གཏན་འབེབས་བཞིན་མཐའ་འཁྱོངས་དགོས་པ་ནན་བཤད་བྱས་ཡོད་སྐོར་བཀོད་འདུག་ན་ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས། རྒྱ་ནག་གཞུང་གིས་ད་ལྟ་ནས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ། ༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཐབས་བྱུས་འདྲ་མིན་བྱེད་བཞིན་ཡོད་ན་ཡང་། ༸གོང་ས་མཆོག་གི་ཡང་སྲིད་སྐོར་ལ་མཐའ་མའི་ཐག་གཅོད་དེ་༸གོང་ས་མཆོག་ཁོང་ཉིད་སྐུ་འཚོ་བཞུགས་སྐབས་ག་རེ་གསུངས་བ་དེར། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་མང་གིས་ངོས་ལེན་ལས་གཞན་སུ་ལ་ཡང་དབང་ཆ་མེད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་གཞུང་འབྲེལ་བོད་ལྗོངས་དྲ་བ་ཟེར་བའི་སྟེང་། ཐེངས་འདིར་བླ་སྤྲུལ་གྱི་ཡང་སྲིད་སྐོར་གྱི་བགྲོ་གླེང་ཟེར་བའི་ཐོག ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་དང་སྲིད་ཇུས་ཁྲིམས་སྲོལ་ཤེས་རྟོགས་ཐུབ་པ་དང་། རྒྱལ་ནང་དུ་འདྲི་འཚོལ་དང་། གསེར་བུམ་དཀྲུག་འདོན་དང་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་སོགས་ལོ་རྒྱུས་ངེས་སྲོལ་ནི་སྤྲུལ་སྐུའི་ཡང་སྲིད་ཀྱིས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་སྐོར་གླེང་སློང་བྱས་སྐོར་བཀོད་འདུག་ལ། ཡང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མུ་མཐུད། རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གོམས་གཤིས་སོགས་ལ་བརྩི་བཀུར་གང་ཡང་བྱེད་ཀྱི་མེད་པར། ཆབ་སྲིད་རང་གི་དགོས་མཁོའི་ཆེད་དུ་༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་རྒྱ་ནག་གཞུང་ལ་ཡོད་སྐོར་བཤད་བཞིན་པ་དེར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་དང་བརྩི་བཀུར་གང་ཡང་བྱེད་ཀྱི་མིན་པ་དང་། རྒྱ་ནག་གཞུང་ངོས་ནས་རྒྱ་བོད་གཉིས་ཀྱི་བར་མུ་མཐུད་འགལ་བ་མི་ཡོང་ཆེད། ༧གོང་ས་མཆོག་གི་ཡང་སྲིད་སྐོར་སོགས་ཆོས་ལུགས་རང་དབང་གི་འགྲོ་ལུགས་བཞིན་ཐག་གཅོད་ལག་པ་མ་འཆང་ན་ཡག་པོ་ཡོད་སྐོར་གསུངས་སོང་།

ཡང་རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིར་རྒྱ་ནག་གཞུང་གིས་ཡང་སྤྲུལ་སྐོར་གྱི་ཚོགས་འདུ་དེ་ཆེད་དམིགས་བླ་སྤྲུལ་ཚོས་འགན་འཁུར་འོག བོད་ནང་གི་བོད་མི་ཚོར་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཐག་གཅོད་ག་རེ་བྱས་པ་དེར་ངོས་ལེན་དང་། རྒྱ་ནག་གཞུང་གི་གཏན་འབེབས་བཞིན་འགྲོ་དགོས་པའི་འཆར་གཞི་ཞིག་ཆགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་ངོས་ནས་བོད་ནང་གི་དགོན་སྡེ་ཁག་ཏུ་ཆོས་ལུགས་བྱེད་སྒོར་དམ་དྲག་དང་། རྒྱ་ནག་གཞུང་འབྲེལ་གྱི་ཆབ་སྲིད་སློབ་གསོ་སྤེལ་བ་དང་འབྲེལ། ༸གོང་ས་མཆོག་དང་ཁ་བྲལ་བར་ངོ་རྒོལ་དགོས་པའི་སྐུལ་མ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་ངོས་ནས་བོད་ནང་གི་མདོ་སྨད་ཕྱོགས་སུ་དགོན་སྡེ་ཁག་ཏུ། ༸གོང་ས་མཆོག་ལ་ངོ་རྒོལ་དགོས་པའི་དོན་ཚན ༡༠ ཅན་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། ཏཱ་ལའི་ཡང་སྤྲུལ་ངོས་འཛིན་བྱེད་པར་ཁ་གཡར་ནས་རྒྱ་ནག་གཞུང་གིས་གསེར་བུམ་བཀྲུགས་པའི་ལམ་ལུགས་ལ་གནོད་པ་བྱེད་མི་ཆོག་པ་སོགས་བརྗོད་ཡོད་པ་རེད་ལ། ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་ལྷོ་ཕྱོགས་ཆ་འཕྲིན་ཞེས་པའི་ནང་། ཐེངས་འདིར་རྒྱ་ནག་གཞུང་གིས་ཡང་སྲིད་སྐོར་གྱི་ཚོགས་འདུ་དེ་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགུང་གྲངས་ ༩༠ སྟེང་ཁོང་གི་ཡང་སྲིད་སྐོར་གྱི་ཐག་གཅོད་ཕེབས་སྲིད་པའི་གནས་བབ་ལ་ཚོད་རྩིས་ཀྱིས། བོད་ནང་གི་དད་ལྡན་མི་མང་ལ་༸གོང་ས་མཆོག་གི་ཡང་སྲིད་ལ་རྒྱ་ནག་གཞུང་གིས་ཐག་གཅོད་ལྟར་ངོས་ལེན་དགོས་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་འདུག

སྤྱིར་རྒྱ་ནག་གཞུང་ངོས་ནས་སྔ་ཕྱི་བར་གསུམ་དུ་༸གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་དེ་རྒྱ་ནག་ལ་ཡོད་པའི་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ། རྒྱལ་སྤྱིའི་ནང་༸གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་རྒྱ་ནག་གཞུང་ལ་ཡོད་སྐོར་དང་། བོད་ནང་གི་བོད་མི་ཚོར་བཙན་ཐབས་ཀྱིས་ངོས་ལེན་དགོས་ཐབས་བཟོ་བཞིན་ཡོད་ན་ནཡང་། ༸གོང་ས་མཆོག་གིས་རང་ཉིད་ནས་ཕྱི་ལོ་༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་དང་། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་བ་དང་། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་ན་ཡང་། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཞེས་གསུངས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎