རྒྱ་ནག་ཟི་ཁྲོན་ཁུལ་དུ་ས་ཡོམ་འོག་རྐྱེན་འདས་ཕྱིན་པར་མྱ་ངན།
2009.05.12
༄༅༎དེ་རིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་མོ་དེ་ནི་ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་སྟེ་མི་ལོ་གཅིག་འཁོར་བའི་དྲན་གསོའི་དུས་ཚིགས་དེ་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་གཙོས་པས་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་དྲན་གསོ་བྱས་ཡོད་པ་རེད།
དེ་ཡང་ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་གྱི་ཉིན་གུང་གི་ཚོུད་གཉིས་དང་སྐར་མ་ཉི་ཤུ་རྩ་བརྒྱད་ཐོག་ས་ཡོམ་འགུལ་ཚད་བརྒྱད་བརྒྱབ་པའི་དུས་ཚོད་དེ་གེའི་ཐོག་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་དྲན་གསོའི་མཛད་སྒོར་མཉམ་ཞུགས་བྱས་པ་དང་མི་དམངས་ལ་གཏམ་བཤད་བྱས་པའི་གནས་ཚུལ་རྣམས་དབྱིང་ཤུའུ་ས་གནས་ནས་ཐད་ཀར་རྒྱང་བསྲིང་བྱས་ཡོད་ཅིང་སྐབས་དེར་སྲིད་འཛིན་ཧུའུ་ཅིན་ཐའོ་དང་དེ་མིན་གྱི་དཔོན་རིགས་ཚོས་ས་ཡོམ་གྱི་རང་འབྱུང་གནོད་འཚེ་དེའི་ནང་ཚེ་སྲོག་ཤོར་བ་ཚོར་མྱ་ངན་གྱི་རྣམ་པ་མཚོན་པའི་དྲན་གསོའི་རྩིགས་པའི་སྟེང་མེ་ཏོག་དཀར་པོ་བཞག་པའི་བྱེད་སྒོ་ཡང་སྤེལ་ཡོད་པ་རེད། ན་ནིང་གི་ས་ཡོམ་གོད་ཆགས་ཆེན་པོ་དེའི་ནང་ཁྱོན་མི་འདས་གྲོངས་སུ་ཕྱིན་པ་དང་ཕུང་པོ་རྙེད་སོན་མ་བྱུང་བ་ཁྱོན་མི་གྲངས་བརྒྱད་ཁྲི་བདུན་སྟོང་ཟིན་ཏེ་ཤུལ་ལུས་མི་དམངས་ཚོའི་སེམས་ནང་ད་དུང་ཡང་དྲག་སྐྱེད་མེད་པའི་རྨ་ཁ་ཆེན་པོ་ཞིག་དང་ཁྱད་མེད་སེམས་ཚོར་ཆེན་པོ་ཡོད་པ་རེད། དེ་རིང་ས་ཡོམ་གྱི་གོད་ཆགས་ཕོག་པའི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་ཡུལ་ཟི་ཁྲོན་ཞིང་ཆེན་གྱི་པེ་ཁྲོན་ས་གནས་ནང་མྱ་ངན་གྱི་དྲན་གསོ་ཞུ་བར་བསྐྱོད་མཁན་གྱི་འགྲིམས་འགྲུལ་གྱི་ཚང་ཁ་ཆེ་བས་འགྲོ་ལམ་འགག་པ་དང་ཉེན་རྟོག་པས་དེ་རིང་ས་གནས་དེའི་ནང་མྱ་ངན་གྱི་དྲན་གསོ་ཞུ་བར་མི་དམངས་འདུ་འཛོམས་ཇི་ཙམ་བྱས་ཡོད་མེད་གྲངས་ཀ་ངེས་གཏན་རྒྱབ་དཀའ་བ་ཡིན་པ་བཤད་ཡོད་པ་དང་ཡིན་ནའང་དཔོན་རིགས་གཞན་ཞིག་གིས་མི་དམངས་འབུམ་གཅིག་ལྷག་འདུ་འཛོམས་བྱས་ཡོད་པའི་ཚོད་རྩིས་བྱས་ཡོད་པ་རེད།