མི་གྲངས་དྲུག་ཁྲི་ཞིག་ལ་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྲོག་སྐྱོན་བྱུང་བ།

2023.01.16
མི་གྲངས་དྲུག་ཁྲི་ཞིག་ལ་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྲོག་སྐྱོན་བྱུང་བ།
Reuters

རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་ཧ་ཅང་གི་ཤུགས་ཆེ་དེ་མེད་པ་བཟོས་ནས་ད་བར་མི་གྲངས་དྲུག་ཁྲི་སྐོར་ཞིག་ལ་སྲོག་སྐྱོན་བྱུང་བའི་སྐོར་རུའི་ཀྲར་གསར་འགྱུར་ལས་ཁང་གིས་རེས་གཟའ་སྤེན་པ་ཉིན་གནས་ཚུལ་བཏོན་ཡོད་པ་རེད་འདུག

དེ་ཡང་རྒྱ་ནག་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་འཛིན་སྐྱོང་ལས་ཁང་གི་གཙོ་འཛིན་ Jiao Yahui ཡིས་རྒྱ་ནག་ཁྱོན་ཡོངས་ཀྱི་སྨན་ཁང་ཁག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་མི་གྲངས་ ༥༩༩༣༨ འདས་གྲོངས་སུ་འགྱུར་ཡོད་པའི་སྐོར་གསར་འགྱུར་ལས་ཁང་ཁག་ལ་བརྗོད་ཡོད་པ་རེད་འདུག

གོང་ཞུས་ཀྱི་རྒྱ་ནག་གཞུང་གི་དཔོན་རིགས་དེས་རྒྱ་ནག་ནང་གི་ཏོག་དབྱིབས་ནད་ཡམས་དང་ཐད་ཀར་འདས་གྲོངས་སུ་འགྱུར་བའི་གྲངས་འབོར་དེ་ ༥༥༠༣ ཡིན་པའི་སྐོར་དང་དེ་མིན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ན་ཚ་གཞན་གནར་ནས་འདས་གྲོངས་སུ་ཕྱིན་པའི་སྐོར་བརྗོད་ཡོད་པ་རེད་འདུག ཡང་སྔ་ལོ་ཕྱི་ཟླ་༨ནས་བོད་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཧ་ཅང་ཆེན་པོ་ཕྱིན་སྟེ་ཟླ་བ་འགའ་ཤས་རིང་དམ་དྲག་ཤུགས་ཆེ་བྱས་ཡོད་ན་ཡང་། རྒྱ་ནག་ནང་རིམས་ནད་དང་འབྲེལ་བའི་ངོ་རྒོལ་ཤུགས་ཆེར་བྱུང་སྟབས་རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་རིང་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་དམ་དྲག་ཡོངས་རྫོགས་གློ་བུར་དུ་ཕྱིར་བསྡུ་བྱས་ཡོད་པ་རེད། བོད་ནང་དུ་ཡང་སྲིད་བྱུས་དེ་ལག་བསྟར་བྱས་རྗེས། ནད་ཡམས་དེ་བོད་ཀྱི་ས་ཁུལ་མང་པོའི་ནང་འགོས་ཁྱབ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་གང་སར་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་མུ་མཐུད་བྱུང་བཞིན་ཡོད་པ་རེད།དེ་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཡིན་པ་བཤད་ཀྱི་མེད་པ་རེད།

དེ་ཡང་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ནད་པ་འཆི་སྐྱོན་དང་སྨན་ཁང་ཁག་ནང་སྟན་གཏུགས་བྱེད་མཁན་གྱི་གྲངས་འབོར་དེ་ཕྱི་གསལ་ནང་གསལ་ཞིག་མེད་པའི་སྐྱོན་བརྗོད་ཕོགས་བཞིན་པ་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོས་རྟོག་ཞིབ་བྱེད་པའི་དུས་སྐབས་འདིར་གོང་ཞུས་ཀྱི་མིའི་སྲོག་སྐྱོན་གྱི་གྲངས་འབོར་དེ་འདོན་པ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག  ད་བར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་ཝུ་ཧན་གྲོང་འཁྱེར་ནས་ཏོག་དབྱིབས་ཀྱི་ནད་ཡམས་དེ་ཁྱབ་གདལ་དུ་ཕྱིན་པ་ནས་བཟུང་ཡུལ་དེའི་མི་གྲངས་༥༠༠༠ ལྷག་ཙམ་ལས་འདས་གྲོངས་སུ་ཕྱིན་མེད་པའི་སྐོར་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་འཕྲོད་བསྟེན་གྱི་ཆེད་ལས་སྨན་པ་རྣམས་ཀྱིས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ན་ཚས་རྐྱེན་གྱིས་ཉུང་མཐར་མི་གྲངས་ས་ཡ་གཅིག་ཙམ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པའི་ཚོད་དཔགས་གནང་གི་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་འགྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎