༧སྐུའི་འཁྲུངས་སྐར་དང་བསྟུན་ལྷ་ས་ཁུལ་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་འདུག

2023.07.10
༧སྐུའི་འཁྲུངས་སྐར་དང་བསྟུན་ལྷ་ས་ཁུལ་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་འདུག རྒྱ་ནག་ཉེན་རྟོག་པས་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་འགྲེམས་འཇོག་གིས་ཞིབ་བཤེར་དམ་དྲགས་བྱེད་བཞིན་པ། ༢༠༢༣།༠༧།༠༥ ཉིན།
China State Media

རྒྱ་ནག་གཞུང་གིས་ཕྱི་ཟླ་༧ཚེས་༥ནས་བཟུང་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དབྱར་ཁའི་རྡུང་རྡེག་ཞིབ་བཤེར་ལས་འགུལ་ཞེས་ཉེན་རྟོག་པ་འགྲེམས་འཇོག་དང་ཞིབ་བཤེར་ས་ཚིགས་ཆེད་འཛུགས་ཀྱིས། སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། ཟ་ཁང་མགྲོན་ཁང་དང་སྲང་ལམ་ཁག་ཏུ་ཞིབ་བཤེར་དང་ལྟ་རྟོག་ཤུགས་ཆེར་བྱས་ཡོད་པ་དང་། མི་མང་འདུས་སྡོད་ཁུལ་དང་མཆོད་མཇལ་ལྟེ་གནས་རིགས་ལ་ཉེན་རྟོག་པས་ཉིན་མཚན་མཐུད་ནས་སྐོར་སྲུང་བྱེད་བཞིན་ཡོད་པ་དང་། མཚན་མོ་མགྲོན་ཁང་ཁག་ཏུ་གང་བྱུང་འཛུལ་ནས་མི་སྒེར་གྱི་ཁ་པར་དང་། ཐོབ་ཐང་དཔང་ཡིག་ཞིབ་བཤེར་སོགས་བྱེད་ཀྱི་ཡོད་པས། ད་ལྟའི་ཆར་དམིགས་བསལ་དམ་དྲགས་བྱེད་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་རྒྱ་ནག་གཞུང་འབྲེལ་ལྷ་ས་བདེ་འཇགས་ཉེན་རྟོག་ཟེར་བའི་དྲ་རྒྱའི་སྟེང་། ཕྱི་ཚེས་༥ཉིན་ནས་བཟུང་ལྷ་ས་ཉེན་རྟོག་ཕྱོགས་ཀྱིས་དབྱར་ཁའི་ཞིབ་བཤེར་རྡུང་རྡེག་མགོ་ཚུགས་ཡོད་སྐོར་དང་། ཞིབ་བཤེར་རྡུང་རྡེག་དེ་ནི་སྤྱི་ཚོགས་བརྟན་བརླིང་ཆེད་དང་། མངོན་མེད་རྐྱེན་མེད་བྱས་ཏེ་ཉེན་བརྡ་རྒྱུན་བསྒྲགས། ཆབ་སྲིད་བདེ་འཇགས་དང་ཉེན་ཁ་མི་ཡོང་ཆེད་ཡིན་པ་སོགས་བརྗོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་ནམ་རྒྱུན་༧གོང་ས་མཆོག་དང་འབྲེལ་བའི་དམིགས་བསལ་དུས་ཚེས་ཁག་ལ་བོད་ནང་དམ་དྲགས་ཞིབ་བཤེར་དེ་རྒྱུན་ལྡན་ལྟ་བུ་ཡིན་པ་དང་། གནད་དོན་དེ་ནི་རྒྱ་ནག་ལ་མཚོན་ན་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྟབས་མ་འོངས་པར་དེ་ལྟ་བྱེད་བཞིན་པའི་ཕན་ལས་གནོད་པ་ཆེ་བ་ཡོད་པ་ངོས་འཛིན་ཐུབ་དགོས་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་དུས་ཚེས་ཁག་ལ་བོད་ནང་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། བོད་ནང་གི་བོད་མི་ཚོས་འདི་ལོ་ཡང་དམ་དྲགས་ཞིབ་བཤེར་ལ་མ་བལྟོས་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐབས་ལམ་སྣ་ཚོགས་ངང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་ཐེངས་འདིར་ཞིབ་བཤེར་རྡུང་རྡེག་ཁྲོད་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་༨༣༦དང་རླངས་འཁོར་༢༡༧། དེ་བཞིན་ས་གནས་ས་ཐོག་ཏུ་ཞིབ་བཤེར་གཏིང་ཟབ་བྱེད་མཁན་༡༩༣འགྲེམས་འཇོག་གིས་ས་གནས་ཁག་༡༧༢༡ལ་ཞིབ་བཤེར་དང་མི་གྲངས་༦༩༨༧ལ་འདྲི་རྩད། དེ་བཞིན་ཁྱིམ་ཚང་ཁག་ཏུ་རླངས་སྣུམ་ལི་ཊར(liters)༧༠གཞུང་བཞེས་དང་། མི་གྲངས་༦༨༣༧ལ་བདེ་འཇགས་སློབ་གསོ་བཏང་ཡོད་པ་སོགས་བཀོད་འདུག

ཕྱི་ལོ་༢༠༢༡ལོར་རྒྱ་ནག་གཞུང་གིས་༧སྐུའི་འཁྲུངས་སྐར་དང་བསྟུན་ཁམས་དཀར་མཛེས་ཁུལ་འཁྱག་ལུང་གྲོང་ནས་ཡིན་ཞིང་རང་ལོ་༤༠ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་དང་། བུད་མེད་རྫ་པོ་ཞུ་བ་གཉིས་ནས་འཁྲུངས་སྐར་སྲུང་བརྩི་བྱས་སྐོར་བརྗོད་དེ་འཛིན་བཟུང་བྱས་ཡོད་པ་རེད་ལ། དེ་བཞིན་ལི་ཐང་ཕྱོགས་ནས་དགེ་འདུན་པ་ཁག་ཅིག་ཀྱང་འཛིན་བཟུང་གིས་ཉིན་གྲངས་མང་པོར་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིའི་ཞིབ་བཤེར་དང་རྡུང་རྡེག་ལས་འགུལ་དེ་མུ་མཐུད་རྒྱུན་སྐྱོང་དང་ཁྱབ་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་སོགས་བསྒྲགས་འདུག 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎