ཡུལ་ཤུལ་སླར་གསོའི་འཛུགས་སྐྲུན།
2013.04.14

༄༅༎ཕྱི་ཟླ་༤ཚེས་༡༤ཉིན་རྒྱ་ནག་གི་ཤིང་ཧཱ་གསར་ཤོག་གི་ཐོག་ལ། རྒྱ་ནག་གི་ནུབ་བྱང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་དུ་འཛུགས་སྐྲུན་སླར་གསོའི་ལས་གཞི་ཡོངས་རྫོགས་འདི་ལོའི་ལོ་མཇུག་ཏུ་འཇུག་སྒྲིལ་གྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།
དེ་ཡང་ཡུལ་ཤུལ་ས་གནས་ཀྱི་འགོ་འཛིན་གཞོན་པ་Wang Yong ཟེར་བས་ཡུལ་ཤུལ་ཁུལ་དུ་ས་ཡོམ་འགུལ་ཚད་༧ དང་གྲངས་ཆུང་༡ བརྒྱབ་ནས་གནོད་འཚེ་ཚབས་ཆེ་བྱུང་སྟེ་ལོ་གསུམ་འཁོར་བའི་ཉིན་གསར་འགོད་འདུ་འཛོམས་ཐོག་བཤད་དོན་ལ། ཡུལ་ཤུལ་ས་གནས་ཀྱི་འཛུགས་སྐྲུན་སླར་གསོའི་ལས་དོན་ཆ་ཚང་བ་ལེགས་གྲུབ་ཡོང་བའི་ཆེད་དུ་འཛུགས་སྐྲུན་སླར་གསོའི་ལས་གཞི་རྣམ་གྲངས་༡༢༤༨ཕྱི་ཟླ་༣ པའི་ཟླ་མཇུག་ཏུ་འགོ་བཙུགས་བྱས་ཡོད་པ་དང༌། ཕྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་སྡོད་ཁྱིམ་དང་གྲོང་ཁྱེར་ཅན་དུ་འགྱུར་བའི་ལས་དོན་ཡོངས་རྫོགས་མཇུག་སྒྲིལ་རྒྱུ་ཡིན་ཞིང༌། སྐྱེ་རྒུ་མདོའི་བོད་རིགས་ས་ཁུལ་དེ་ནི་ཚོང་ལས་ཀྱི་ལྟི་གནས་གལ་ཆེ་ཞིག་ཡིན་པ་དང༌། ས་ཡོམ་གྱི་གནོད་འཚེ་སྡུག་ཤོས་བྱུང་ཡུལ་ཞིག་ཡིན་པར་བརྟེན་ནས་ས་ཁུལ་དེའི་ནང་གི་འཛུགས་སྐྲུན་ལས་གཞི་ཕྱི་ཟླ་༡༡ པའི་ནང་མཇུག་སྒྲིལ་བྱས་ཏེ་ས་གནས་མི་དམངས་རྣམས་ལོ་གཅིག་གི་ནང་དུ་ཁང་པ་གསར་པའི་ནང་སྤོ་ཐུབ་རྒྱུ་ཡིན་པ་བཤད་ཡོད་པ་རེད། འོན་ཀྱང་ས་གནས་བོད་མི་དང་བཙན་བྱོལ་དུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་གིས་ས་ཡོམ་གནོད་འཚེའི་ནང་གོད་ཆགས་ཕོག་པའི་བོད་མི་ཚོའི་ས་ཁང་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང༌། དེ་ཡང་ས་གནས་དེའི་ནང་དུ་ས་ཡོམ་གྱི་གོད་ཆགས་ཕོག་པའི་བོད་མི་ཚོར་ད་དུང་ཡང་ས་ཁང་མ་རགས་པར་སྡོད་གུར་ནང་བསྡད་ཡོད་པ་དང༌། ས་ཡོམ་གྱི་གནོད་འཚེའི་ནང་བོད་པའི་སྡོད་ཁྱིམ་ལ་གནོད་འཚེ་ཚབས་ཆེན་པོ་བྱུང་མེད་པ་ཚོར་ཡང་རྒྱ་ནག་གཞུང་གིས་ཁང་པ་ཞིག་ཏེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར་བཤད་དེ། ཁང་པ་སློག་པའི་རྗེས་དེ་སྔོན་དུ་བདག་པའི་ས་ཁང་གི་རྒྱ་ཁྱོན་མ་སྤྲད་པ་སོགས་དཀའ་ངལ་མང་པོ་འཕྲད་པའི་རྐྱེན་གྱིས་བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པའི་འགྲེལ་བརྗོད་གནང་གི་ཡོད་པ་རེད།།