ཁྲིམས་འགལ་ནག་ཅན་པ་༡༥༠་ལྷག་ཨ་མེ་རི་ཀར་བྲོས་བྱོལ།
2014.08.11
རྒྱ་ནག་གཞུང་འབྲེལ་མི་སྣ་གཙོས་པའི་ཁྲིམས་འགལ་ནག་ཅན་པ་༡༥༠་ལྷག་ཨ་མེ་རི་ཀའི་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག
དེ་ཡང་ལྐོག་ཟ་ལྐོག་རྔན་བླངས་པའི་དོགས་གཞི་ཅན་རྒྱ་ནག་གཞུང་འབྲེལ་མི་སྣ་གཙོས་པའི་ཁྲིམས་འགལ་ནག་ཅན་པ་༡༥༠་ལྷག་ཨ་མེ་རི་ཀའི་ནང་བྲོས་བྱོལ་དུ་ཕྱིན་ཡོད་སྐོར་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཤིག་གིས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་མཉམ་འབྲེལ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་Liao Jinrong ཡིས་ཨ་མེ་རི་ཀ་ནི་དཔལ་འབྱོར་ཐོག་ནས་ཁྲིམས་འགལ་ནག་ཉེས་ཅན་གྱི་རྒྱ་མིའི་དཔོན་རིགས་དང་ཁོང་ཚོའི་ནང་མི་བྲོས་བྱོལ་དུ་འགྲོ་ཡུལ་གཙོ་བོ་དེ་ཡིན་སྐོར་བརྗོད་པ་དེ་རིང་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་ལུང་དྲངས་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་རྒྱ་ནག་ནང་ཁྱབ་གདལ་ཤིན་ཏུ་ཆེ་བའི་ལྐོག་ཟ་རུལ་སུངས་ཀྱིས་རྒྱ་ནག་དམར་ཤོག་ཚོཊ་པའི་འཚོ་གནས་ལ་ཉེན་ཁ་བཟོ་ཡི་ཡོད་སྐོར་སྡོན་བརྡ་བཏང་སྟེ་ལྐོག་ཟ་རུལ་སུངས་ཅན་གྱི་རྒྱ་མིའི་དཔོན་རིགས་གཙོས་པའི་མི་སྣ་ཁག་ལ་འདྲི་རྩད་ཞིབ་བཤེར་དང་ཉེས་ཆད་བཏང་དང་གཏོང་མུས་ཡིན་པ་རེད། འོན་ཀྱང་ཕྱིའི་རྒྱལ་ཁབ་ཁག་ལ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་དང་ལས་བྱེད་པ་ཚོའི་བཟའ་ཟླ་དང་བུ་ཕྲུག་ཚོས་ལྐོག་ཟའི་ཞིབ་བཤེར་གཡོལ་ཐབས་སུ་རང་གི་རྒྱུ་ནོར་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁྲིམས་འགལ་ཐོག་ནས་འོར་འདྲེན་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་ལྔའི་རིང་ལ་རྒྱ་གཞུང་གི་དཔོན་རིགས་དང་ཁོང་ཚོའི་ནང་མི་ཐེ་བའི་རྒྱ་ནག་ནས་རང་གི་རྒྱུ་དངོས་ཕྱི་རྒྱལ་ཁག་ལ་འོར་འདྲེན་བྱེད་མཁན་ས་ཡ་གཅིག་ལྷག་ཡོད་སྐོར་ཚོད་དཔག་བྱེད་ཀྱི་ཡོད་འདུག ཨ་མེ་རི་ཀའི་ནང་བྲོས་བྱོལ་དུ་ཕྱིན་པའི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཡོད་པའི་རྒྱ་མིའི་དཔོན་རིགས་དང་ལས་བྱེད་པ། དེ་བཞིན་ཁོང་ཚོའི་ནང་མི་ཚོ་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱ་རྒྱུའི་སྐོར་ཨ་རི་དང་རྒྱ་ནག་གཉིས་དབར་གྲོས་མཐུན་བཞག་མེད་པ་དང་། དེ་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་གིས་ཀྱང་གལ་ཏེ་མི་ནག་ཅན་པ་དེ་དག་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་ཚེ་རྒྱ་གཞུང་གིས་ཁོང་ཚོར་སྲོག་ཉེས་ཁྲིམས་གཅོད་རྒྱུའི་དོགས་གཞིའི་འོག་རྩིས་སྤྲོད་བྱེད་ཀྱི་མེད་པ་རེད། ད་ཆ་གོང་ཞུས་དཀའ་རྙོག་དེ་སེལ་ཐབས་སུ་རྒྱ་ནག་གི་རྒྱལ་སྲུང་ལས་ཁང་གིས་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལས་ཁང་གཙོས་པའི་ཨ་རིའི་ཁྲིམས་ཀྱི་དཔོན་རིགས་ཚོའི་མཉམ་དུ་ལོ་རེར་ཆེས་མཐོའི་ཚོཌ་འདུ་རེ་སྐོང་ཐབས་བྱེད་ཀྱི་ཡོད་སྐོར་Wang Gang ཞེས་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ཤིག་གིས་བརྗོད་འདུག་ལ་ཟླ་བ་སྔོན་མར་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཅན་གྱི་དཔོན་རིགས་ཚོ་འཛམ་གླིང་གི་ས་གནས་གང་དུ་ཉེན་གཡོལ་དུ་གནས་ཡོད་རུང་རྗེས་འདེད་བཏང་སྟེ་ཉེས་ཆད་གཏོང་རྒྱུའི་ལས་འགུལ་ཞིག་ཀྱང་འགོ་བཙུགས་ཡོད་པ་རེད༎
གསར་འགོད་པ་བསོད་ནམས་ལྷ་མོ།