རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་མཐའ་ན་དངོས་ཟོག་སྐྱེལ་འདྲེན་མི་སྣ་ཚོ་ཡང་ཉེན་རྟོག་པ་དང་མཉམ་འབྲེལ་བྱེད་བཅུག་སྟེ་བོད་མི་ཚོར་ལྟ་སྲུང་བྱེད་བཅུག་གི་ཡོད་འདུག

2024.08.12
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་མཐའ་ན་དངོས་ཟོག་སྐྱེལ་འདྲེན་མི་སྣ་ཚོ་ཡང་ཉེན་རྟོག་པ་དང་མཉམ་འབྲེལ་བྱེད་བཅུག་སྟེ་བོད་མི་ཚོར་ལྟ་སྲུང་བྱེད་བཅུག་གི་ཡོད་འདུག རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་ཆེད་འཛུགས་བྱས་པའི་དངོས་ཟོག་སྐྱེལ་འདྲེན་ཉེན་རྟོག་པ། ༢༠༢༤།༨།༨
Chinese state media

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ ཚེས་མགོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་བོད་ཀྱི་ཞོ་སྟོན་དུས་ཆེན་དང་འབྲེལ། རྒྱ་ནག་གཞུང་གིས་གྲོང་ཁྱེར་ནང་དཔལ་འབྱོར་ཡར་རྒྱས་ས་ཁུལ་གྱི་མི་མང་བདེ་འཇགས་དང་བརྟན་བརླིང་ཞེས་པའི་མིང་ཐོག་ནས། ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་ས་ཚིགས་དང་ཉེན་རྟོག་པ་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེ་བྱས་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པ་མིན་པའི་དངོས་ཟོག་སྐྱེལ་འདྲེན་ཚོང་གཉེར་མཁན་ཚོར། ཉེན་རྟོག་པ་དང་མཉམ་འབྲེལ་བྱེད་བཅུག་སྟེ་ས་གནས་གང་སར་བཀྲམས་ནས་མི་མང་གི་འགྲོ་བསྐྱོད་ལ་སོ་སྲུང་དང་ལྟ་བཤེར་བྱེད་བཅུག་གི་ཡོད་འདུག་ལ། ཕྱི་ཟླ་ ༨ མགོ་ཚུགས་པ་ནས་བཟུང་ལྷ་སའི་ས་ཁུལ་གང་དུ་སོང་ཡང་ཉེན་རྟོག་པ་སྐོར་བསྐྱོད་བྱས་ཏེ་ཞིབ་བཤེར་བྱེད་བཞིན་འདུག་ལ། གཞིས་རྩེ་སོགས་སུ་འགྲོ་བར་མེ་འཁོར་དང་རླངས་འཁོར་གང་དུ་སོང་ཡང་། ས་ཚིགས་རེ་རེ་བྱས་ཏེ་འགྲུལ་བ་ཚང་མར་ཞིབ་བཤེར་གྱིས་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་ན་ཡང་། གནད་དོན་ཅི་ཞིག་གིས་རྐྱེན་གྱིས་ཡིན་ཤེས་རྟོགས་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་ཚོར་བ་སྐྱེན་རིགས་སྐབས་སུ་ཐབས་ལམ་འདྲ་མིན་ངང་ནས་དམ་དྲག་བྱེད་བཞིན་པ་རྒྱུན་ལྡན་ལྟ་བུ་ཡིན་ན་ཡང་། འདི་ལོའི་ཕྱི་ཟླ་ ༨ ནང་གློ་བུར་སྔར་ལྷག་དམ་དྲག་བྱེད་བཞིན་འདུག་ལ། སྤྱིར་རྒྱ་ནག་གཞུང་གིས་འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནང་དཔལ་འབྱོར་སླར་གསོ་ཡོང་ཆེད་ཚོང་གཉེར་གྱི་རྣམ་པ་འདྲ་མིན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པས། གནད་དོན་དབྱེ་ཞིབ་པ་ཚོས་དེ་འདྲའི་རིགས་ཀྱི་མཛད་སྒོ་དང་མི་ཚོགས་འདུ་འཛོམས་སོགས་ལ་དོགས་ཟོན་ཆེད་ཡིན་པའི་དོགས་གཞི་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་སྐྱེལ་འདྲེན་ཚོང་གཉེར་མི་སྣས་ལས་དོན་གཙོ་བོ། ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་དང་ལམ་ཕྲན་ཁག་ལ་སྐོར་སྲུང་བ་དང་། གནས་ཚུལ་རིགས་བྱུང་སྐབས་སྔོན་འགོག་དང་ཡར་ཞུ་བྱེད་པ། མཚན་སྲུང་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་སོ་སྲུང་སོགས་བྱེད་བཞིན་ཡོད་པ་སོགས་བཀོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱི་ཟླ་ ༨ པའི་ནང་བོད་རང་སྐྱོང་ལྗོངས་ནང་ཚོང་ལས་བདེ་འཇགས་ཆེད། དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ས་ཁུལ་དུ་སྤྱི་བདེ་ཉེན་རྟོག་ཕྱོགས་ཀྱིས་གོ་སྒྲིག་འོག དངོས་ཟོག་སྐྱེལ་འདྲེན་ཚོང་གཉེར་མི་སྣ་སྒྲིག་འཛུགས་བྱས་ཏེ། ལྷ་སའི་དབྱར་དུས་ཀྱི་མི་མང་གི་བདེ་འཇགས་སྲུང་སྐྱོབ་དང་རྡུང་རྡེག་གི་ལས་དོན་གཉེར་བར་གྲུབ་འབྲས་སོན་ཡོད་པ་སོགས་བཀོད་ལ། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ Vinayak Bhatt ལགས་ནས། སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་སྒེར་གཉེར་ཚོང་ལས་མཁན་དང་ཁེ་གཉེར་མཁན་ཚོས། རྒྱ་ནག་གཞུང་དང་མཉམ་འབྲེལ་དགོས་པའི་བཙན་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་ད་ལྟའི་ཆར་རྒྱ་ནག་གི་ཚོང་ལས་དཔལ་འབྱོར་ཕྱོགས་ཡོངས་ནས་ཉམས་ཞེན་དུ་འགྲོ་ཡི་ཡོད་སྟབས། རྒྱ་ནག་གཞུང་གིས་དྲ་ལམ་གཙོས་ཐབས་ལམ་འདྲ་མིན་ངང་མི་མང་ལ་དམ་དྲག་སྟངས་འཛིན་དང་། མཐའ་ན་སྒེར་གཉེར་བཟོ་ཚོང་ཁང་གི་ལས་གཉེར་བ་སོགས་བེད་སྤྱོད་གཏོང་བཞིན་པ་དེས། རྒྱ་ནག་གི་ནང་སྲིད་ཐད་ཕྱོགས་ཡོངས་ནས་དཀའ་ངལ་ཞིག་ཡོང་བཞིན་པ་དང་འབྲེལ།བོད་ནང་སྔར་ལས་དམ་དྲག་བྱས་པ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་རྒྱ་ནག་གཞུང་གིས་ཉེ་སྔོན་ལྷ་སའི་ཞོ་སྟོན་སོགས་ཀྱི་སྐབས་མེ་གསོད་རོགས་སྐྱོབ་མི་སྣ་ཆེད་འཛུགས་ཀྱིས། ཉེན་རྟོག་པ་དང་རོགས་སྒྲུབ་ལས་དོན་གཉེར་བཞིན་ཡོད་པ་བཀོད་ཡོད་པ་རེད་ལ། ཕྱི་ཟླ་ ༨ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲང་ཟེར་བས། རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་ལྷན་ཚོགས་ཟེར་བས་སྟེང་། ལྟ་ཞིབ་ཚད་ལེན་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ནང་སྔར་ལས་བདེ་འཇགས་ཀྱི་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་དགོས་སྐོར་སོགས་བརྗོད་ཡོད་པ་རེད་ལ།

གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་བདག་ཉར་གཙོས་བོད་མི་ཚོའི་རང་དབང་ཐད་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་མིང་འདྲ་མིན་འོག་ནས། མི་མང་ལ་སྟངས་འཛིན་བྱེད་ཐབས་སྣ་ཚོགས་གཉེར་བཞིན་ཡོད་པ་དང་། ལྷག་པར་ལྷ་ས་སོགས་སུ་རྒྱ་ནག་གི་འགོ་ཁྲིད་ཚོ་ལྟ་སྐོར་དུ་ཡོང་སྐབས་བོད་མི་ཚོར་འགྲོ་བ་མིའི་བྱ་སྤྱོད་ལས་འདས་པའི་དམ་དྲག་སྟངས་འཛིན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎