རྒྱ་གཞུང་ནས་ཐའེ་ལྦན་དུ་དངོས་ཟོག་ཉོ་སྒྲུབ་བྱེད་མི་ཆེད་གཏོང༌།
2009.06.01
༄༅༎རྒྱ་ནག་གཞུང་ནས་ཐའེ་ལྦན་གྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་སྐུལ་སྤེལ་ཆེད་ཐའེ་ལྦན་ནང་ཐའེ་ལྦན་གྱི་དངོས་ཟོག་ཉོ་སྒྲུབ་བྱེད་མི་ཆེད་གཏོང་བྱས་ཡོད་པ་གཞུང་འབྲེལ་དཔོན་རིགས་ནས་འགྲེལ་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་གཟའ་ཉི་མའི་ཉིན་ཐའེ་ལྦན་ནང་དངོས་ཟོག་ཉོ་སྒྲུབ་ཀྱི་ཚོགས་པ་ཁག་གསུམ་ཆེད་གཏོང་བྱས་ཡོད་པ་དང་ཚོགས་པ་དེ་དག་གིས་ཐའེ་ལྦན་ནང་བཟའ་བཅའ་ནས་བརྙན་འཕྲིན་འཕྲུལ་འཁོར་སོགས་ཨ་སྒོར་ཐེར་འབུམ་ཁ་ཤས་ཀྱི་དངོས་ཟོག་ཉོ་སྒྲུབ་བྱ་རྒྱུ་ཡིན་ཞིང་ད་དུང་རྒྱ་ནག་གཞུང་གིས་ཐའེ་ལྦན་ནང་དངོས་ཟོག་ཉོ་སྒྲུབ་བྱེད་མཁན་གྱི་ཚོགས་པ་དེ་རིགས་བསྐྱར་དུ་ཟླ་བ་རྗེས་མ་ཁག་གཉིས་ཙམ་ཆེད་གཏོང་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ནས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་ཐའེ་ལྦན་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་རྒྱུན་ལྡན་མིན་པའི་བྱ་སྤྱོད་དེ་རིགས་ནི་འདས་པའི་ལོ་ངོ་དྲུག་བཅུའི་ནང་ཐོག་མ་ཡིན་ཞིང་དེ་ནི་ཐའེ་ལྦན་གྱི་སྲིད་དབང་ན་ནིང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་རྒྱ་ནག་དང་ཐའེ་ལྦན་དབར་དཔལ་འབྱོར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ནས་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔལ་འབྱོར་གནས་སྟངས་འཕེལ་རྒྱས་གཏོང་རྒྱུར་བཟང་ཕྱོགས་ཀྱི་རྣམ་འགྱུར་བཏོན་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད། ད་རེས་ཐའེ་ལྦན་ནང་དངོས་ཟོག་ཉོ་སྒྲུབ་བྱེད་པར་བསྐྱོད་མཁན་གྱི་ཚོགས་པའི་འགན་འཛིན་རྒྱ་ནག་དང་ཐའེ་ལྦན་དབར་གྱི་དཔལ་འབྱོར་དང་ཚོང་དོན་འབྲེལ་ལམ་ལས་ཁང་གི་དཔོན་རིགས་ལིའི་ཁྲུད་ལིན་གྱིས་བརྗོད་ན་ང་ཚོས་རྒྱ་ནག་ནང་དགོས་མཁོ་ཡོད་པའི་དངོས་ཟོག་ཚང་མ་ཡུལ་གྲུ་གཞན་ནས་ཉོ་སྒྲུབ་མ་བྱས་པར་ཐའེ་ལྦན་ནས་ཉོ་སྒུབ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་ཡིན་ནའི་དངོས་ཟོག་ཉོ་སྒྲུབ་བྱེད་ཡས་ཀྱི་མ་དངུལ་གྲངས་འབོར་ཁ་གསལ་བརྗོད་མེད་ཅིང་ཐའེ་ལྦན་གྱི་ཚོང་དོན་དཔོན་རིགས་ནས་རྒྱ་ནག་ནས་ཐའེ་ལྦན་ནང་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཆེད་གཏོང་བྱས་པའི་སྐུ་ཚབ་ཚོགས་པ་དེ་དག་གིས་ཨ་སྒོར་ཐེར་འབུམ་ཁ་ཤས་གནས་པའི་དངོས་ཟོག་ཐའེ་ལྦན་ནས་ཉོ་སྒྲུབ་བྱ་རྒྱུ་ཡིན་པ་གསུང་བཞག ད་རེས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཐའེ་ལྦན་ནང་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཆེད་གཏོང་བྱས་པའི་ཚོགས་པ་དེ་དག་ནང་རྒྱ་ནག་ནང་གི་ཚོང་དོན་ཁང་འདྲ་མིན་ནས་ཁྱོན་མི་གྲངས་༧༧ཙམ་ཡོད་པ་རེད།