རྒྱ་གར་གྱི་དབུ་ཁྲིད་ཨ་རུ་ན་ཅར་ཕེབས་དོན་ལ་རྒྱ་ནག་གིས་ངོ་རྒོལ།
2009.10.13
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་དབུ་ཁྲིད་མོན་རྟ་དབང་ཁུལ་དུ་འཚམས་འདྲིར་ཕེབས་པ་དེར་ངོ་རྒོལ་ཡོད་ཅེས་བཤད་པ་དང་དེ་ནི་ཉེ་བའི་དུས་ཚོད་དེའི་ནང་རྒྱ་ནག་དང་རྒྱ་གར་ཡུལ་གྲུ་གཉིས་བར་ཏུ་ས་མཚམས་ས་ཁུལ་གྱི་བདག་དབང་གི་གནད་དོན་ཐོག་ནས་བྱུང་བའི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པ་རེད།
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་ཀྲའོ་ཤུ་ཡིས་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་གྱི་མཚན་དངོས་སུ་མ་སྨོས་པར་རྒྱ་གར་གྱི་དབུ་ཁྲིད་ནས་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་ནང་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་ཕྱོགས་ཀྱི་སེམས་ཚོར་ལ་ཁྱད་གསོད་བྱས་པ་རེད་ཅེས་དང་ལྷག་པར་དུ་རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་ལམ་འཕེལ་རྒྱས་ཡག་པོ་ཡོང་རྒྱུའི་ཆེད་དུ་རྩོད་གཞི་ཅན་གྱི་ས་ཁུལ་དེའི་ནང་དུ་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་གཞིའི་དོན་རྐྱེན་རིགས་མི་བཟོ་བའི་རེ་བ་ཡོད་ཅེས་བཤད་ཡོད་ཅིང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་བར་ལ་ས་ཆའི་བདག་དབང་གི་རྩོད་གཞི་ཡོད་པའི་རྒྱ་གར་གྱི་རི་རྒྱུད་ས་ཁུལ་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་བྱེད་ཀྱི་ཡོད་པར་བརྟེན་ནས་ཟླ་བ་འདིའི་འགོ་སྟོད་དུ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་ནང་ཁོང་ཚོའི་ཆབ་སྲིད་ཚོགས་པའི་འཐུས་མི་ཚོར་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུའི་འོས་འཕེན་པའི་བློ་ཁ་འགུག་ཐབས་ཀྱི་ཆེ་དུ་རྩོད་གཞི་ཅན་གྱི་ས་གནས་དེའི་ནང་འཚམས་འདྲིར་ཕེབས་ཡོད་པ་རེད། ཨ་རུ་ན་ཅལ་པཱར་རྡེཤ་ཟེར་བའི་ས་ཁུལ་དེ་ནི་སུད་སེ་ས་གནས་ཀྱི་ལྡབས་གཉིས་ཙམ་ཡོད་པ་དང་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ཁྲི་དགུ་ཙམ་ཡོད་པ་དེ་ནི་ལྷོ་ཕྱོགས་སུ་བོད་དང་ས་མཚམས་འཁེལ་ཡོད་ཅིང་དེར་བརྟེན་རྒྱ་ནག་གཞུང་གིས་ས་ཁུལ་དེའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་ཤོད་པ་མ་ཟད་ཉེ་ཆར་རྒྱ་གར་གྱི་སྲིད་བློན་འཚམས་འདྲིར་ཕེབས་པར་སྐྱོན་བརྗོད་བྱས་པ་དང་རིང་མིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཚམས་འདྲིར་ཕེབས་པའི་འཆར་གཞིའི་གནས་ཚུལ་ཐོན་མ་ཐག་ནས་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོའི་སྐྱོན་བརྗོད་བྱས་ཡོད་པ་རེད།