རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་བའི་སྐོར།
2009.05.21
༄༅༎རྒྱ་ནག་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་དབར་གནམ་གཤིས་འགྱུར་ལྡོག་གི་ལས་གཞིའི་ཐོག་མཉམ་རུབ་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག
འདས་པའི་ལོ་དེའི་ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་སྐབས་རྒྱ་ནག་གཞུང་ནས་ཕེ་རན་སིའི་སྲིད་འཛིན་མཆོག་གི་༸གོང་ས་མཆོག་མཇལ་འཕྲད་ཞུས་པའི་དོན་རྐྱེན་ནས་ཁོང་ཁྲོ་ལངས་ནས་ཚོགས་འདུར་མཉམ་ཞུགས་བྱས་མེད་པ་རེད། འོན་ཀྱང་ད་ལྟ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཚུགས་བཞིན་པའི་ཚོགས་འདུའི་ཐོག་རྒྱ་ནག་མཉམ་ཞུགས་བྱས་པ་མ་ཟད་སྲིད་བློན་ལྦན་ཇ་བའོས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་མཉམ་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་རྒྱུ་དང་གཞན་ཡང་ཚོང་འབྲེལ་ཐོག་མཉམ་རུབ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་སྲིད་བློན་ལྦན་ཇ་བའོས་བོད་ཐོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེ་བྱུས་བྱེད་རྒྱུ་དེ་ནི་རྒྱལ་ནང་གི་སྲིད་བྱུས་ལ་ཐེ་བྱུས་བྱས་པ་ཞིག་རེད་ལ་དེར་ངོ་རྒོལ་ཡོད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་པ་རེད།
འོན་ཀྱང་ད་ལྟའི་ཡུ་རོབ་སྤྱི་མཐུན་གྱི་ཚོགས་གཙོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་ལྦག་ལལྦ་ཀོ་ལོ་སེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་བརྩིས་ཀྱི་ཡོད་པ་མ་ཟད་རྒྱ་ནག་མཉམ་མ་འོངས་པར་གྲོས་མོལ་བྱེད་པའི་སྐབས་གནད་དོན་འདིའི་ཐོག་གླེང་སློང་བྱེད་ཀྱི་རེད་ཅེས་གསུངས་ཡོད་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ད་ལྟའི་ཡུ་རོབ་སྤྱི་མཐུན་གྱི་རེ་མོས་སུ་འཁོར་བའི་ཚོགས་གཙོ་ཡིན་པ་རད།