ཕིང་ཧྲོན་ནས་ཁོ་མོར་བཙན་གཡེམ་བྱས་པའི་གནས་ཚུལ་དེ་བརྗོད་རྒྱུ་མ་བྱུང་ཞེས་གསུངས་འདུག
རྒྱ་ནག་གི་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་པ་གྲགས་ཅན་ཕིང་ཧྲོན་ཁོ་མོས་གཟའ་ཉི་མའི་ཉིན་ Singapore གསར་འགྱུར་བརྒྱུད་ལམ་ཞིག་ཐོག་ཟླ་བ་སྔོན་མའི་ཟླ་སྟོད་དུ་ཁོང་མོས་སྤྱི་ཚོགས་བརྒྱུད་ལམ་Weiboཐོག་གི་གནས་ཚུལ་ཞིག་སྤེལ་བ་དེ་གཞན་གྱིས་གོ་ནོར་ཐེབས་ཡོད་ཚུལ་དང་མི་གཞན་གྱིས་ཁོ་མོར་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་ཡོད་པ་རྩ་བ་ནས་ཉེས་འཛུགས་བྱས་པ་མིན་ཅེས་དང་། ད་དུང་ཁོང་མོས། ངས་ཐོག་མ་ཉིད་ནས་གནད་དོན་གལ་ཆེན་པོ་གཅིག་གསལ་པོ་བཟོ་དགོས་པ་ནི་མི་གཞན་གྱིས་ང་ལ་བཙན་གཡེམ་བྱས་བྱུང་ཟེར་བ་དེ་ངས་རྩ་བ་ནས་ཡིག་ངག་གཉིས་ཐོག་ནས་སུ་ལ་ཡང་ལབ་རྒྱུ་མ་བྱུང་། མི་མང་པོས་ངས་སྤྱི་ཚོགས་བརྒྱུད་ལམ་ཐོག་སྤེལ་པའི་གནས་ཚུལ་ལ་གོ་ནོར་ཐེབས་མཁན་བྱུང་འདུག་ཅེས་བརྗོད་པ་དང་། ད་དུང་ཁོ་མོ་པེ་ཅིང་ཏུ་རང་ཁྱིམ་ལ་བསྡད་ཡོད་པ་ལས་གཞན་གྱིས་ལྟ་རྟོག་འོག་མེད་ཚུལ་བཤད་འདུག འོན་ཀྱང་དཀྲོག་རྐྱེན་དེ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་བློན་ཆེན་གཞོན་པ་ཟུར་པ་Zhangསྐོར་གང་ཡང་གླེང་མིན་འདུག
སྤྱི་ཟླ་༡༡་ཚེས་༢་ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་(Weibo)་ཐོག ཡིག་འབྲུ་༡༧༠༠་ཙམ་ཡོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང་དུ། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ཡིས། དེ་སྔ་ཁོང་ལས་ཐོག་སྲིད་བློན་གཞོན་པ་ཡིན་པའི་སྐབས་སུ་ཁོ་མོར་བཙན་གཡེམ་བྱས་ཡོད་པ་དང་། དེའི་རྗེས་ཁོ་མོ་ཁོའི་མཛའ་མོ་བྱེད་དུ་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཡིན་ན་ཡང་གནས་ཚུལ་དེ་སྤེལ་ནས་སྐར་མ་༢༠་ཙམ་ལས་མ་འགོར་བར། ཝེ་པོ་(Weibo)་དྲ་བས་ལམ་སེང་ནག་སུབ་བཏང་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་གླེང་སློང་མི་ཆོག་པའི་དམ་དྲག་དང་དེ་འབྲེལ་གྱི་གནས་ཚུལ་ཚང་མ་བཀག་སྡོམ་བྱས་པ་དང་། ཁོ་མོ་ཡང་བདུན་ཕྲག་གསུམ་མ་ཟིན་ཙམ་མི་དམངས་ཀྱིས་མཐོང་ཡུལ་དུ་མེད་པ་གྱུར་ཡོད་པ་རེད། དེར་བརྟེན་ཁོ་མོའི་གནས་ཚུལ་དེའི་ཐད་བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་གཙོས་རྩེད་འགྲན་པ་ཚོས་ཁོ་མོའི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་དོ་སྣང་ཅན་ཚོས་ཁོང་མོའི་སྐོར་ལ་ཤུགས་ཆེན་གླེང་ཡོད་པ་རེད།
བུད་མེད་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱིས་གནད་དོན་དེའི་ཐད་བརྟག་དཔྱད་ཁ་གསལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད། ཡིན་ན་ཡང་དེའི་ཐད་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ཀྲང་ཀའོ་ལི་དང་རྒྱ་ནག་གཞུང་གཉིས་ཀས་ལན་འདེབས་གང་ཡང་བྱས་མེད་པ་རེད།
གཟའ་ཉི་མ་ཉིན་ཕིང་ཧྲོན་ཁོ་མོས་བརྙན་ལམ་ནས་ཡོངས་གྲགས་ཀྱིས་གནད་དོན་དེའི་ཐོག་སྐད་ཆ་བཤད་པ་ཐེངས་དང་པོ་དེ་ཡིན་ཞིང་། དེ་ཡང་ཁོང་མོ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གངས་ཤུད་རྩེད་འགྲན་ཞིག་གི་ཐོག་སྐར་མ་༢༠ཙམ་རིང་བཅར་ཡོད་པའི་ཞོར་དུ་བཀའ་མོལ་དེ་གནང་བ་ཞིག་རེད་འདུག འོན་ཀྱང་རྒྱལ་སྤྱིའི་བརྒྱུད་ལམ་རོཡ་ཊར་གཙོས་པས་ཁོ་མོར་ཐད་ཀར་འབྲེལ་ལམ་བྱེད་ཐབས་གནང་ཡང་དོན་ཕན་ལྡན་པ་བྱུང་མེད་པ་བརྟེན། ཟླ་འདིའི་ཟླ་སྟོད་དུ་རྒྱལ་སྤྱིའི་བུད་མེད་ཏྲེ་ནི་སི་ཚོགས་པས་ཕིང་ཧྲོན་དང་ཐད་ཀར་འབྲེལ་ལམ་གནང་ཐབས་མ་བྱུང་བར་བརྟེན། རྒྱ་ནག་དུ་ཏྲེ་ནི་སི་ཚོགས་རྒྱུ་ཕྲལ་དུ་གནས་སྐབས་རིང་མཚམས་འཇོག་བྱེད་པ་རེད།
ད་རེས་ཀྱི་གནས་ཚུལ་འདི་ནི་བུད་མེད་ལ་བརྙས་བཅོས་བྱེད་མཁན་ལ་ངོ་རྒོལ་བྱེད་པའི་(Me Too)་ཞེས་ང་ལ་ཡང་དཀའ་ངལ་འཕྲད་ཡོད་ཅེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་དེ་རྒྱ་ནག་གི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ནང་སླེབས་པ་ཐེངས་དང་པོ་དེ་ཡིན་པ་རེད།།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ།རྡོ་རྗེ་དགྲ་འདུལ་
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།