རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནང་ཆབ་སྲིད་རང་དབང་མེད་པ་གསལ་སྟོན་དང་འབྲེལ། བོད་ནང་གི་བོད་མི་ཚོས་མུ་མཐུད་དཀའ་ངལ་མྱོང་བཞིན་ཡོད་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2025.02.27
རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནང་ཆབ་སྲིད་རང་དབང་མེད་པ་གསལ་སྟོན་དང་འབྲེལ། བོད་ནང་གི་བོད་མི་ཚོས་མུ་མཐུད་དཀའ་ངལ་མྱོང་བཞིན་ཡོད་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག བོད་ནང་གི་སྲང་ལམ་དུ་དམག་གི་ལྟ་སྲུང་བྱེད་བཞིན་པ། ༢༠༡༠།༠༣།༠༩
AP

འདི་ལོའི་ཨ་རིའི་རང་དབང་ཁང་པའི་འཛམ་གླིང་གི་རང་དབང་སྙན་མཐོའི་ནང་། བོད་ནི་ཆབ་སྲིད་ཐོབ་ཐང་དང་སྤྱི་མང་རང་དབང་ཐད་ཨང་ཀི་བརྒྱ་ནས་ཀླད་ཀོར་སྟེ་རང་དབང་མེད་པའི་གནས་ཚུལ་ཐོན་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་གཏོང་ཚུལ་བཤོད་ཀྱི་ཡོད་ནའང་། བོད་མི་རྣམས་ནས་ཆབ་སྲིད་ཀྱི་དཀའ་ངལ་མུ་མཐུད་མྱོང་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

དེ་ཡང་འདི་ཚེས་ ༢༦ ནང་འདོན་སྤེལ་གནང་བའི་སྙན་མཐོའི་ནང་། བོད་ཀྱི་ཆབ་སྲིད་ཐོབ་ཐང་གི་གནས་བབ་དེ་ཨང་ཀི་ ༤༠ ནས་ཀླད་ཀོར་འོག་གི་ ༢ དང༌། སྤྱི་མང་གི་རང་དབང་གི་གནས་བབ་དེ་ཨང་ཀི་ ༦༠ ནས་ ༢ མ་གཏོགས་ཟིན་མེད་པར།  སྤྱི་ཡོངས་ཀྱི་བོད་ནང་གི་རང་དབང་གནས་བབ་ཀྱི་ཨང་ཀི་ ༡༠༠ ནས་ཀླད་ཀོར་ཡིན་པ་གསལ་སྟོན་གནང་ཡོད་པ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱིས་འདས་པའི་ལོ་འདིའི་ནང་སྔར་བཞིན་གཞིས་ལུས་རྒྱ་ཆེ་མི་མང་གི་གཞི་རྩའི་ཐོབ་ཐང་དང་སྤྱི་དམངས་ཀྱི་རང་དབང་ཐད་སྔར་བཞིན་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་དང་།  སྤྱིར་རྒྱ་ནག་གིས་ཕྱོགས་གཅིག་ནས་དཔལ་འབྱོར་ཐད་ཡར་རྒྱས་གཏོང་གི་ཡོད་ནའང་། ཆབ་སྲིད་ཐོག་ནས་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་གི་ཡོད་པ་གསལ་སྟོན་གནང་སོང་།

དེ་བཞིན་ཁོང་གིས་མུ་མཐུད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་འདས་པའི་ལོ་གཅིག་གི་ནང་བོད་ནང་གི་བོད་མིའི་གཞི་རྩེའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་ཁྱོན་ཡོངས་ལ་ཉམས་ཞིབ་བྱེད་དུས། རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་སློབ་གཉེར་ཁང་སྒོ་བརྒྱབ་པ་དང་། དེ་བཞིན་དྲྭ་རྒྱར་དམ་དྲག་ཆེ་རུ་བཏང་ནས་བོད་པའི་གཞས་པ་གཞས་མ་དང་། སྒྱུ་རྩལ་བ། རྩོམ་པ་པོ་སོགས་ཀྱི་སྨྲ་བརྗོད་རང་དབང་ལ་བཀག་གོག་བྱེད་བཞིན་ཡོད་པ་མ་ཟད། ཉེ་བའི་ཆར་སེར་རྟ་ནང་བསྟན་སློབ་གླིང་ནང་། གྲྭ་བཙུན་མང་པོ་གཅིག་ཕྱིར་བུད་བྱས་པའི་གནས་ཚུལ་ཐོན་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་བྱུང་།

དེ་བཞིན་རང་དབང་ཁང་པའི་ ༢༠༢༣ ལོའི་སྙན་མཐོའི་ནང་། སྤྱིར་བོད་ནང་གནས་སྡོད་བྱེད་མཁན་ཧན་རྒྱ་རིགས་དང་བོད་རིགས་ཚང་མར་གཞི་རྩའི་རང་དབང་མེད་ཀྱང་། བོད་མི་རྣམས་ཀྱིས་ཆོས་དད་དང་རིག་གཞུང་གི་ངོ་བོ་མཚོན་པའི་རྣམ་འགྱུར་སྟོན་པར། རྒྱ་མིའི་དཔོན་རིགས་རྣམས་ཀྱིས་དམིགས་བསལ་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་སྲིད་བྱུས་ཐོག་ནས། བོད་མི་རྣམས་བཙན་དབང་གིས་གནས་སྤོ་བྱེད་དུ་འཇུག་པ་དང་། བོད་ནང་རྒྱ་རིགས་ཕོན་ཆེ་གནས་སྤོར་སྐུལ་དེད་བཏང་སྟེ། བོད་ནང་བོད་མིའི་གྲངས་འབོར་ཉུང་དུ་གཏོང་ཐབས་རྩོམ་གྱི་ཡོད་པ་གསལ་སྟོན་གནང་འདུག ། 

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎