༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་དུས་འདིར་བོད་རྒྱའི་གྲོས་མོལ་གནང་དགོས། ཕྱི་དྲིལ་བཀའ་བློན་མཆོག་གིས།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་དུས་སྐབས་འདིར་བོད་རྒྱའི་གྲོས་མོལ་སླར་གསོ་གནང་དགོས་པ་རེད་ཅེས་ཉི་ཧོང་གི་ Kyodo གསར་འགྱུར་ལས་ཁང་གིས་ཕྱི་ཟླ་
༧ ཚེས་ ༡༤ ཉིན་དམིགས་བསལ་བཅར་འདྲི་ཞུས་པའི་བཀའ་ལན་དུ་གསུངས་འདུག་ལ། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྲིམས་མཐུན་གྱི་༧སྐུ་དབང་ཡོད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཐབས་ལམ་དང་གྲུབ་འབྲས་གང་ཞིག་ཐོན་ཡང་དེར་རྒྱ་ཆེ་མང་ཚོགས་ཀྱིས་མོས་གུས་ཞུ་གི་ཡོད་རེད་ཅེས་བཀའ་ལན་གནང་འདུག བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གི་སྐུ་ཚབ་དབར་ཕྱི་ལོ་
༢༠༠༢ ནས་ ༢༠༡༠ བར་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་ལུང་འདྲེན་གྱིས། འབྲེལ་མོལ་དེ་ད་ཆ་རྒྱུན་མཐུད་ཐུབ་མེད་ཀྱང་ཉེ་བའི་དུས་སུ་ཕྱོགས་གཉིས་དབར་གཞུང་འབྲེལ་མིན་པ་དང་ནང་མོལ་ཞིག་བྱུང་བཞིན་ཡོད་པ་གསུངས་འདུག
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་མུ་མཐུད། རྒྱ་ནག་གཞུང་གིས་མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐད་ཐེ་བྱུས་བྱེད་པ་ཡིན་ན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཡོད་པ་ཞིག་མཐོང་གི་མེད་སྟབས། ཐེ་བྱུས་བྱེད་པའི་དམིགས་ཡུལ་འཛིན་པ་དེར་ཕམ་ཉེས་འབྱུང་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་འདུག་ལ། རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་དབང་བསྒྱུར་བྱེད་པ་དེ་འཇམ་རྩུབ་སྣ་ཚོགས་ཐོག་ནས་ཡ་ལན་བྱས་ཡོད་ཀྱང་དེར་གྲུབ་འབྲས་སོན་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རང་དབང་སླར་གསོ་ཡོང་རྒྱུའི་ཐོག་ཕྱག་ལས་གནང་བཞིན་ཡོད་པ་གསུངས་འདུག
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ད་ཆ་ཉི་ཧོང་ནང་གཟའ་འཁོར་གཅིག་རིང་ཕྱོགས་ཕེབས་གནང་བཞིན་ཡོད་ཅིང་། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་བོད་དང་སོག་པོའི་དབར་རྒྱལ་ཁབ་གཉིས་ཕན་ཚུན་ངོས་འཛིན་བྱེད་པའི་ཆིངས་ཡིག་ལ་ས་རྟགས་བཀོད་དེ་བགྲང་བྱ་ ༡༡༠ འཁོར་བའི་དུས་ཚིགས་སུ་བོད་དང་སོག་པའི་ཆོས་དང་རིག་གཞུང་ཞིབ་འཇུག་པའི་ཚོགས་འདུ་ཐེངས་ ༢ པ་ཞིག་ཚོགས་ཡོད་པའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་ལྷན་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།