རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་བ་བཅུ་ཕྱིར་བུད་བྱས་འདུག
2008.08.25
༄༅༎རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་དོན་རྒྱབ་སྐྱོར་བ་བཅུ་པོ་ཕྱིར་འབུད་ཀྱིས་སླད་ཕྱིན་ཕྱི་རྒྱལ་བ་ཚོས་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་དེད་བྱས་འདུག།
རེས་གཟའ་ཟླ་བའི་ཉིན་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་གྱི་མཛད་སྒོ་འཛམ་གླིང་ནང་བརྙན་འཕྲིན་ཐོག་རྒྱང་སྲིང་བྱེད་བཞིན་པའི་སྐབས་སུ་ འཛིན་བཟུང་བྱས་པའི་བོད་དོན་རྒྱབ་སྐྱོར་བ་ ཨ་རིའི་མི་སེར་བརྒྱད་དང་ ཇར་མེ་ནི་མི་སེར་གཅིག་ དབྱིན་ཡུལ་གྱི་མི་སེར་གཅིག་བཅས་བཅུ་པོ་གནམ་ཐོག་རང་ཡུལ་ལ་ཕྱིར་འབུད་བྱས་ཡོད་འདུག ཁོང་ཚོས་བོད་རང་བཙན་གྱི་ལས་འགུལ་སྤེལ་སྟེ་ཁྲིམས་འགལ་བྱས་ཡོད་ལུགས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཡིག་ཐོག་གསལ་བསྒྲགས་བྱས་ཡོད་པ་མ་ཟད་ འབྲེལ་ཡོད་ཕྱི་རྒྱལ་གྱི་རྒྱལ་ཁབ་ཚོས་སོ་སོའི་མི་སེར་རྒྱ་ནག་ནང་འགྲོ་སྐབས་རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་འཇོག་བྱེད་དགོས་པའི་ལམ་སྟོན་གནང་དགོས་པའི་རེ་འདུན་ཡང་ཞུས་གནང་འདུག རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ཀྱི་མགྲིན་ཚབ་པ་ཞིག་གིས་ རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་ཕྱོགས་ཐད་ཕྱི་ནང་གང་སར་བློ་འཚབ་བྱེད་བཞིན་པ་དེར་རྒྱ་ནག་གཞུང་གིས་བསམ་ཤེས་བྱེད་དགོས་ལུགས་གཏམ་བཤད་གནང་འདུག འཛིན་བཟུང་བྱས་པའི་ཨ་རི་བ་བརྒྱད་པོ་རེས་གཟའ་ཉི་མའི་ཕྱི་དྲོ་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་གྱི་མཛད་སྒོའི་སྐབས་ཕྱིར་འབུད་བྱས་འདུག ཇར་མི་ནིའི་བོད་རིགས་ ཕོ་ལི་རིའན་ནོར་བུ་རྒྱ་ན་ཚང་ རེས་གཟའ་ཟླ་བའི་སྔ་དྲོ་ཕེརེང་ཕོརཊི་ནང་འབྱོར་ཡོད་ལུགས་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱིས་འགྲེལ་བརྗོད་བྱས་འདུག དབྱིན་ཡུལ་གྱི་ མེན་ཌེ་ མེཀ་ཁེའུ་ལྦོན་ ཡང་གློད་བཀྲོལ་བཏང་ཡོད་ལུགས་དབྱིན་ཇིའི་གཞུང་ཁང་གིས་ངོས་ལེན་གནང་འདུག རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་བ་དེ་དག་རྩེད་འགྲན་མཇུག་སྒྲིལ་གྱི་མཛད་སྒོའི་སྐབས་མིང་འཕྱས་ངན་པ་མི་ཡོང་བའི་ཆེད་དུ་གློད་བཀྲོལ་བཏང་ཡོད་ལུགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་གསུངས་གནང་འདུག།