རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་པར་རིས་འགྲེམས་སྟོན་པ་བརྒྱུད་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་བཞིན་ཡོད་པ།

དེ་ཡང་རྒྱུད་ལམ་ཁག་གིས་གནས་ཚུལ་ནང་གསལ་ལྟར་ན། བདུན་ཕྲག་སྔོན་མ་དཀྱིལ་ཤར་ཡུལ་གྲུ་United Arab Emirate གྱི་རྒྱལ་ས་Dubai Batttuta Mall ཞེས་པའི་ཁྲོམ་རྭར་རྒྱ་རིགས་པར་པ་Deng Yi ཟེར་བས་པར་ལེན་བྱས་པའི་རྒྱ་ནག་གི་མཛེས་སྡུག་ལྡན་པའི་བོད་རང་སྐྱོང་ལྗོངས་ཞེས་ཉིན་གྲངས་བཞིའི་རིང་པར་རིས་འགྲེམས་སྟོན་འགོ་འཛུགས་བྱས་འདུག འགྲེམས་སྟོན་དེ་བཞིན་ས་གནས་སུ་ཡོད་པའི་རྒྱ་རིགས་ཚོའི་རྒྱབ་སྐྱོར་འོག་ ཁུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་པས་སྒོ་འབྱེད་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་གནས་སྟངས་དང་བོད་དོན་སྐོར་དེ་དང་དེ་འདྲ་བའི་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་བྱེད་སྲོལ་ཡོད་པ་ནི། དཔེར་ན་༢༠༢༡ལོའི་ཕྱི་ཟླ་༥པའི་ཚེས་༢༡ཉིན་རྒྱལ་ས་པེ་ཅིང་གི་Yanghuang ཞེས་པའི་འགྲེམས་སྟོན་ཁང་དང་། དེ་བཞིན་རྒྱལ་ས་ལྷ་སར་ཡོད་པའི་Zongyab Lukhang ཞེས་པའི་སྤྱི་གླིང་དུ་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་༧༠འཁོར་བ་ཟེར་བའི་པར་རིས་འགྲེམས་སྟོན་བྱས་པའི་ཐོག་ འདས་པའི་ལོ་༧༠ནང་བོད་ནང་སྤྱི་ཚོགས་ཡར་རྒྱས་ལ་དམིགས་པའི་འཛུགས་བསྐྲུན་སྣ་མང་གི་ལས་གཞི་ཇི་ལྟར་སྤེལ་ཡོད་ལུགས་སོགས་དྲིལ་བསྒྲགས་ཁྱབ་སྤེལ་བྱས་ཡོད་འདུག གནས་ཚུལ་ནང་གསལ་ལྟར་ན་འདི་ལོ་ཕྱི་ཟླ་༧པའི་ནང་བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་ཟེར་བས། རྒྱ་ནག་གི་Yuan ཤོག་སྒོར་ས་ཡ་༦༠༠ཙམ་གྱི་འགྲོ་གྲོན་འོག་རྒྱལ་ས་ལྷ་སའི་ནང་བོད་ཀྱི་འགྲེམས་སྟོན་ཁང་ཞེས་པ་རྒྱ་སྐྱེད་བྱས་ནས། བོད་ཀྱི་གནའ་ཤུལ་དངོས་རྗས་གྲངས་༢༧༠༠ལྷག་གསར་དུ་འགྲེམས་སྟོན་བྱས་ནས་༡༩༥༡ལོར་གྲོས་མཐུན་དོན་ཚན་༡༧ཟེར་བ་གཏན་འབེབས་བྱས་པའི་ཐོག་བོད་འདི་བཞིན་རྒྱ་ཁོངས་ཇི་ལྟར་ཡིན་ལུགས་དཔང་རྟགས་ཀྱི་ཚུལ་དུ་བཀོད་ཡོད་པ་རེད།
རྒྱ་ནག་གཞུང་གི་བོད་དོན་འཁྱོགས་བཤད་སྐོར་གྱི་འགྲེམས་སྟོན་དེ་བཞིན་གཞུང་འབྲེལ་ཙམ་དུ་མ་ཟད་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་བརྒྱུད་མང་པོས་ཁྱབ་སྤེལ་བྱེད་བཞིན་ཡོད་འདུག འོན་ཀྱང་གནས་ཚུལ་ནང་གསལ་བར་བཙན་བྱོལ་ནང་བོད་མི་ཚོས་རྒྱ་ནག་གི་བོད་དོན་འཁྱོགས་བཤད་ལ་གདོང་ལེན་ཁ་གཏད་གཅོག་བཞིན་ཡོད་པ་དང་། དཔེར་ན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱ་ནག་གི་བོད་ནང་བཙན་འཛུལ་བྱས་པའི་གནས་ལུགས་དང་། ད་ལྟའི་གནས་སྟངས་དེ་བཞིན་མ་འོངས་བོད་ཀྱི་གནས་བབ་ཇི་ལྟར་ཆགས་ཉེན་ཡོད་པའི་སྐོར་དངོས་ཡོད་ཀྱི་གནས་ལུགས་གསལ་འདོན་གནང་བཞིན་ཡོད་པ་གནས་ཚུལ་ནང་བཀོད་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག