རྒྱ་ནག་གཞུང་གིས་ལོ་ངོ་གསུམ་གྱི་རྗེས་གཞི་ནས་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པར་སྒོ་ཕྱེ་འདུག
དེ་ཡང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་(COVID 19)་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་ནས། འདས་པའི་ལོ་གསུམ་རིང་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ནས། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་སྒོ་རྒྱབ་པ་དང་འགྲུལ་བཞུད་ལ་སོགས་བཀག་རྒྱ་བསྡམས་པའི་རྗེས། ད་ཆ་གཞི་ནས་རྒྱལ་ནང་གི་དཔལ་འབྱོར་བསྐྱར་གསོའི་སླད། འདི་ཚེས་༡༥རེས་གཟའ་ལྷག་པ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཚོར་རྒྱ་ནག་ནང་འགྲུལ་བཞུད་ཆོག་པའི་ཐོངས་མཆན་(Visa)་སྤྲོད་འགོ་ཚུགས་རྒྱུ་ཡིན་པ་བསྒྲགས་འདུག
ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐབས་སུ། རྒྱལ་སྤྱིའི་ཡུལ་གྲུ་གང་སར་འགྲིམ་འགྲུལ་བྱེད་ཕྱོགས་ཐད་ལ་དོགས་ཟོན་དང་དམ་དྲག་གི་བྱས་ནས་རྒྱ་ནག་དེ་བཞིན་དམ་དྲག་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། མཐར་ཉེ་སྔོན་ཕྱི་ཟླ་༢པའི་ནང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་ཚགས་ཚུད་བྱུང་ཡོད་པ་བརྗོད་ཡོད་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཡིན་ན་ཡང་ཡུལ་སྐོར་བ་ཚོ་རྒྱ་ནག་ནང་འགྲུལ་བཞུད་སྐབས། ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་རྒྱབ་ཡོད་མེད་ཀྱི་དཔང་རྟགས་དགོས་མིན་སོགས་ཁ་གསལ་བརྗོད་མེད་པ་རེད།
ལོ་ངོ་གསུམ་རིང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགོག་སྲུང་ཆེད། རྒྱལ་ནང་དུ་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་བཀག་སྡོམ་དང་། སྒོ་རྒྱ་བསྡམས་པ། དེ་བཞིན་དོགས་གཞི་ཅན་གྱི་ནད་པ་ཟུར་བཀག་བྱས་པ་སོགས་ཧ་ཅང་དམ་དྲག་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་བར། མཐར་མི་མང་འུ་ཐུག་ནས་གང་སར་ཚད་ལས་བརྒལ་པའི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་རབ་དང་རིམ་པར་སྤེལ་ནས་རིང་བོ་མ་སོང་བར་རྒྱ་ནག་གཞུང་གིས་བཀག་རྒྱ་ཁག་ལྷོད་ཡོད་པ་རེད། ད་རེས་ཕྱི་ཕྱོགས་ནས་རྒྱ་ནག་ནང་འགྲིམ་འགྲུལ་གྱི་ཐོངས་མཆན་གུ་ཡངས་གཏོང་རྒྱུ་དེ་བཞིན་ཉེ་སྔོན་རྒྱ་ནག་ནང་ཁུལ་དུ་ཕར་འགྲོ་ཚུར་འོང་གི་དམ་དྲག་ལྷོད་དུ་བཏང་པའི་རྗེས། ནད་ཡམས་ཁྱབ་གདལ་གྱི་གནས་ཚུལ་དེ་ཙམ་བྱུང་མེད་པར་བརྟེན་ད་ཆ་ཕྱི་ནང་གཉིས་ཕྱོགས་སུ་འགྲིལ་འགྲུལ་གུ་ཡངས་བཏང་བ་ཡིན་ལུགས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་གྱིས་བརྗོད་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།