རྒྱ་ནག་གིས་ཨ་མི་རི་ཀས་ཕྱིར་སློག་བྱས་བའི་ཁྲིམས་འགལ་རྒྱ་ནག་གི་མི་སེར་ཚོ་རྩིས་ལེན་བྱེད་རྒྱུའི་ཁས་ལེན་བྱས་འདུག
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་(Mao Ning)་གིས་ཕྱི་ཚེས་༢༧་གཟའ་ཟླ་བའི་ཉིན་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས་གསར་འགོད་པ་ཞིག་གིས་ཨ་རིའི་ནང་གི་ཁྲིམས་འགལ་བ་རྒྱ་ནག་གི་མི་སེར་ཚོ་ཕྱིར་སློག་བྱས་ན་རྩིས་ལེན་བྱེད་མིན་དྲིས་དུས། མགྲིན་ཚབ་པས། ཨ་རིས་ཕྱིར་སློག་བྱས་བའི་མི་དེ་ཚོ་རྒྱ་ནག་སྐམ་ས་ཆེན་མོའི་མི་སེར་ཡིན་པ་ར་སྤྲོད་བྱུང་ན་རྩིས་ལེན་བྱེད་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་གནས་སྤོ་བྱ་སྤྱོད་གང་རུང་ལ་ངོ་རྒོལ་ནན་པོ་བྱེད་ཀྱི་ཡོད་པ་ལན་འདེབས་བྱས་ཡོད་པ་དང་། ལན་འདེབས་དེ་ནི་ཨ་རིའི་སྲིད་འཛིན་(Trump)ཡིས་(Colombia)་ནང་ཕྱིར་ཕུད་བྱས་བའི་ཁྲིམས་འགལ་གནས་སྤོ་བ་ཚོ་ཀོ་ལུམ་བྷེ་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་རྩིས་ལེན་མ་བྱས་བར་བརྟེན་ཨ་རིས་ཀོ་ལུམ་བྷེ་ཡ་ལ་སྒོ་ཁྲལ་བརྒྱ་ཆ་༥༠སྤར་རྒྱུའི་ཉེན་བརྡ་བཏང་བའི་རྗེས་སུ་བྱུང་བ་དང་། ཀོ་ལུམ་བྷེ་ཡ་གཞུང་གིས་རྗེས་སུ་ཕྱིར་སློག་བྱས་བའི་མི་སེར་ཚོ་རྩིས་ལེན་བྱེད་རྒྱུའི་ཁས་ལེན་བྱས་འདུག
ཨ་རིའི་སྒོ་ཁྲལ་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོབ་ལས་ཁུངས་ཀྱི་ཡིག་ཆ་ལྟར་ན། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་ནང་ཡིག་ཆ་མེད་པའི་རྒྱ་རིགས་གནས་སྤོས་པ་ཁྲི་༢༡་དང་། ༢༠༢༤་ལོར་༣༢༠༠༠འཛུལ་ཞུགས་བྱས་ཡོད་པ་གསལ་འདུག དེའི་ནང་ཧོང་ཀོང་དང་མཡེ་ཁའོ་ནས་ཡོང་མཁན་ཡང་ཚུད་ཡོད་པ་རེད། གཞན་ཏོག་དབྱིབས་ནད་ཡམས་མཇུག་སྒྲིལ་རྗེས་རྒྱ་ནག་ནས་ཕྱི་སྐྱོད་ལག་འཁྱེར་ཡོད་པའི་མི་སྟོང་ཕྲག་མང་པོ་ཨ་རིའི་ས་མཚམས་བརྒལ་ནས་ཡིག་ཆ་འོས་འཚམ་མེད་པར་འཛུལ་ཡོད་པས་གྲངས་ཀ་དེ་འཕར་ཡོད་སྲིད་པ་དང་། དེའི་ནང་ནས་མང་པོ་ཞིག་གིས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ཟིན་པའི་ཁོངས་ནས་མི་གྲངས་བརྒྱ་ཆ་༥༥་ཡི་ཆབ་སྲིད་སྐྱབས་བཅོལ་ངོས་ལེན་བྱས་ཟིན་པ་ཨ་རིའི་སྲིད་ཁྲིམས་ལས་ཁུངས་ཀྱི་ཡིག་ཆའི་ནང་གསལ་འདུག རྒྱ་ནག་གིས་༢༠༢༤ལོར་ཨ་རི་ནས་ཕྱིར་སློག་བྱས་པའི་ཡིག་ཆ་མེད་པར་གནས་སྡོད་བྱེད་མཁན་རྒྱ་ནག་གི་གནས་སྤོས་པ་གནམ་གྲུ་བཞི་རྩིས་ལེན་བྱས་ཡོད་པ་ཨ་རིའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་ལས་ཁང་གིས་གསལ་བསྒྲགས་བྱས་ཡོད་པ་རེད།
དེའི་སྔོན་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་༢༠༡༨ལོ་ནས་བཟུང་མི་སེར་ཕྱིར་སློག་བྱས་བའི་གནམ་གྲུ་དེ་འདྲ་རྩིས་ལེན་བྱས་མེད་པ་རེད། ཨ་རིའི་སྲིད་འཛིན་(Trump)་ཡིས་སླར་ཡང་སྲིད་འཛིན་གྱི་ལས་འཁུར་བཞེས་པའི་རྗེས་རྒྱ་ནག་ལ་སྐད་ཆ་འཇམ་པོ་བཤད་ནས་ཨ་རིར་དུག་རྫས་ཕེན་ཊ་ནཱིལ་གྱི་ནང་འདྲེན་བཀག་འགོག་བྱེད་ཐུབ་མེད་པར་བརྟེན། རྒྱ་ནག་ལ་ཚོང་རྗས་སྒོ་ཁྲལ་བརྒྱ་ཆ་༡༠འགེལ་རྒྱུའི་འཇིགས་སྐུལ་བྱས་པར་མ་ཟད། ཚད་བཀག་དེ་བརྒྱ་ཆ་༦༠ ཡན་ལ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།