བོད་ནང་མུ་མཐུད་རིམས་ནད་ཁྲོད་འདས་གྲོངས་སུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་འདས་གྲོངས་སུ་འགྲོ་རྐྱེན་རིམས་ནད་ཡིན་པར་ངོས་ལེན་བྱེད་ཀྱི་མེད་འདུག

2023.01.06
བོད་ནང་མུ་མཐུད་རིམས་ནད་ཁྲོད་འདས་གྲོངས་སུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་འདས་གྲོངས་སུ་འགྲོ་རྐྱེན་རིམས་ནད་ཡིན་པར་ངོས་ལེན་བྱེད་ཀྱི་མེད་འདུག ཡ་ཆེན་སྒར་དུ་དགེ་འདུན་པ་ཚོར་བསྔོ་སྨོན་ཆེད་ཕུང་པོ་རླངས་འཁོར་ནང་སྐྱེལ་འདྲེན་བྱེད་བཞིན་པ།
བོད་ནང་གི་སྤྱི་ཚོགས་དྲ་ལམ།

ད་ལྟའི་ཆར་བོད་ནང་རིམས་ནད་ཁྲོད་མུ་མཐུད་མི་སྣ་རྐྱེན་འདས་དང་ནད་ཀྱིས་མནར་བཞིན་པ་ཤུགས་ཆེར་ཡོང་བཞིན་ཡོད་པ་དང་། བོད་ནང་གི་ས་ཁུལ་གང་སར་མི་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་ཤེས་རྟོགས་ཡོད་ན་ཡང། ཞིབ་ཕྲའི་གྲངས་ཐོ་སོགས་ཤེས་རྟོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡོད་པ་དང་། ཕྱི་ཚེས་༥ཉིན་གཅིག་པུར་མལ་གྲོ་གུང་དཀར་འབྲི་གུང་དུར་ཁྲོད་དུ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཉེ་འཁོར་ས་གནས་ཁག་ཏུ་མི་སྣ་འདས་གྲོངས་ཕྱིན་པ་༡༠༠ལྷག་གི་ཕུང་པོ་དུར་མཇུག་བྱས་ཡོད་པ་དང་། ལྷ་སའི་དུར་ཁྲོད་གཞན་ཁག་ཏུ་ཡང་ཕུང་པོ་མང་པོ་སྐྱེལ་འདྲེན་བྱེད་བཞིན་ཡོད་འདུག་ལ། དེ་མིན་ཕྱི་ཚེས་༤་དང་༥་བར་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་ས་ཕྱོགས་གང་ས་ནས་ཕུང་པོ་སྐྱེལ་ཡོང་སྟེ། བྱ་གཏོར་བྱེད་གནས་མ་རག་པར་ཕུང་པོ་༦༠ལྷག་ཕྲེང་བསྒྲིགས་ནས་སྒུག་དགོས་ཐུག་གི་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་འགྲེལ་བརྗོད་གནང་བྱུང་།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མུ་མཐུད་བོད་ནང་གི་ས་གནས་ཁག་གི་འབྲེལ་ཡོད་སྨན་ཁང་ཁག་ལ་འབྲེལ་བ་བྱས་ཀྱང་། ཁ་པར་ཡ་ལེན་བྱེད་མཁན་མེད་པ་དང་ཡ་ལན་བྱས་ཀྱང་རིམས་ནད་སྐོར་གྱི་གནས་ཚུལ་ལ་ལན་འདེབས་བྱས་མ་སོང་ཡང་། ས་གནས་ཁག་གི་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན་ཕྱི་ཚེས་༦ཉིན་འདམ་གཞུང་རྫོང་དུ་མི་གྲངས་༤ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་དག་ལས་མི་གཉིས་ཁྱིམ་ཚང་གཅིག་གི་ཡིན་འདུག་ལ། གཞན་ཡང་ཉག་ཆུ་རྫོང་ཐང་དཀར་མ་ཡུལ་ཚོའི་ནང་ཕྱི་ཚེས་༥ཉིན་གཅིག་པུར་མི་གྲངས་༥འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་སྨར་ཁམས་སྒ་ཐོག་ཁུལ་དུ་འདས་པའི་ཉིན་གྲངས་༥་ནང་མི་གྲངས་༡༢ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག ཡ་ཆེན་སྒར་དུ་ཉིན་རེ་བཞིན་དགེ་འདུན་པ་ཚོར་བསྔོན་སྨོན་ཞུ་ཆེད་རླངས་འཁོར་དུ་ཕུང་པོ་༢༠ལྷག་སྐྱེལ་འདྲེན་བྱས་ཡོང་གི་ཡོད་འདུག

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ལྷ་ས་སོགས་སུ་འདས་གྲོངས་སུ་ཕྱིན་པ་ཚོར་གཞུང་འབྲེལ་ངོས་ནས་ཏོག་དབྱིབས་རིམས་ནད་ཀྱིས་གྲོངས་བར་ངོས་ལེན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་སོགས་སུ་ན་ཚ་གཞན་པ་ལས་རིམས་ནད་ཡིན་སྐོར་བརྗོད་ན་ངོས་ལེན་མེད་པ་མ་ཟད། འདས་གྲོངས་སུ་ཕྱིན་པ་ཚོ་ན་ཚ་གཞན་གྱིས་གྲོངས་ཡོད་པའི་ཐོ་འགོད་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ཡང་རྔ་བ་རྫོང་དུ་ཏོག་དབྱིབས་རིམས་ནད་ན་མཁན་ཚོར་སྨན་ཁང་དུ་སྨན་བཅོས་མི་བྱེད་པ་དང་། སྨན་མི་རག་པ་མ་ཟད་རྫོང་ནང་ཁུལ་གྱི་སྨན་ཚོང་ཁང་ཁག་ཏུ་སྨན་རིན་ཤུགས་ཆེར་སྦར་ནས་ཉོ་མི་ཐུབ་པའི་གནས་སུ་ཡོད་པ་དང་། ཀིརྟི་དགོན་པར་སྨན་ཁང་ཞིག་ཡོད་པ་དེར་དགོན་པའི་དགེ་འདུན་པ་དང་མི་མང་སོགས་ཕྲེང་བསྒྲིགས་ནས་སྒུག་དགོས་བྱུང་གི་ཡོད་པ་སྟབས། སྨན་བཅོས་ཀྱི་མཐུན་རྐྱེན་མ་འདང་བའི་རྐྱེན་གྱིས་མི་སྣ་མང་པོ་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་བརྗོད་བྱུང་།

དེང་སྐབས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཆོད་མེ་གསོལ་སྨོན་སོགས་ཀྱི་རིགས་བརྒྱུད་སྤེལ་བྱེད་མཁན་མང་དག་ཅིག་འདུག་ལ། འབྲེལ་ཡོད་བོད་མི་གཞན་ཞིག་ནས་རིམས་ནད་ཀྱི་གནས་སྟངས་སྡུག་ཤོས་དེ་ཕྱི་ཟླ་༡༢ཟླ་མཇུག་ཙམ་དང་ཕྱི་ཟླ་༡་པོའི་ཚེས་མགོ་ལ་ཡིན་སྐོར་བརྗོད་བྱུང་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་རིམས་ནད་ཀྱིས་འདས་གྲོངས་སུ་ཕྱིན་པའི་གྲངས་ཐོ་གང་ཡང་བཏོན་གྱི་མེད་པ་མ་ཟད། རིམས་ནད་སྐོར་གྱི་གནས་ཚུལ་དང་གྲངས་ཐོ་འགོད་སྤེལ་གནས་ཚུལ་མཚམས་བཞག་ཡོད་པའི་གསལ་བསྒྲགས་སོགས་སྤེལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎