གསེར་རྟ་སྒར་ནས་བཙུན་མ་༢༠༠༠་ལྷག་ཕྱིར་ཕུད་གཏོང་འཆར་འདུག


2016.10.03
གསེར་རྟ་བླ་རུང་ཆོས་སྒར་གྱི་གླིང་བར། ༼ཟླ་ཚེས་མི་གསལ། གསེར་རྟ་བླ་རུང་ཆོས་སྒར་གྱི་གླིང་བར། ༼ཟླ་ཚེས་མི་གསལ།
བོད་འབྱོར།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་མཉམ་བཙུན་མ་༢༠༠༠་ཙམ་ཕྱིར་འབུད་གཏོང་འཆར་ཡོད་པས་གང་མགྱོགས་མིང་ཐོ་འགོད་དགོས་པ་བསྒྲགས་འདུག།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང་མཉམ་མགོ་ལོག་ཕྱོགས་ཀྱི་བཙུན་མ་༤༠༠་ལྷག་དང་། ཡུལ་ཤུལ་ཕྱོགས་ཀྱི་བཙུན་མ་༣༠༠་བཅས་བསྡོམས་པས་ས་ཕྱོགས་འདྲ་མིན་གྱི་བཙུན་མ་བསྡོམས་ཉུང་མཐར་ཡང་༢༠༠༠་ཙམ་ཕྱིར་འབུད་གཏོང་འཆར་ཡོད་པ་དང་། ཛ་དྲག་གི་གནས་སྟངས་སྐབས་བཙུན་མ་རྣམས་ཀྱིས་གོང་རིམ་ལ་བདེ་སྡུག་ཡང་ཡང་ཞུས་བ་དང་དགོན་པའི་ལས་སྣེ་རྒྱུན་ལས་རྣམ་པ་དང་ལྷན་ཡང་ཡང་གྲོས་བསྡུར་བྱས་བ་ལྟར། ཕྱིར་འབུད་དགོས་བའི་བཙུན་མ་ཚོས་དུས་བཀག་ནང་ཐོ་འགོད་བྱས་ཚེ་ཁོང་ཚོ་གསེར་རྟ་དང་། ཉག་རོང་། སྡེ་དགེ བྲག་འགོ་བཅས་ས་གནས་ཁག་བཞི་ལ་བསྐྱོད་ཆོག་པའི་འདམ་ཀ་སྤྲད་ཡོད་པ་དང་དེ་ལྟར་མ་བྱས་ཚེ་རྒྱ་ནག་གཞུང་གིས་བཙན་གྱིས་ཕྱིར་ཕུད་བྱེད་རྒྱུ་ཡིན་འདུག
གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཡིན་པ་དང་། ཉེ་བའི་སྤྱི་ཟླ་དགུ་བའི་ཟླ་མཇུག་ལ་དགོན་པའི་འབྲེལ་ཡོད་ནས་བཙུན་མ་ཚོར། ས་གནས་ཁག་བཞི་ལ་འདམ་ཀ་བྱས་ནས་འགྲོ་མཁན་ཚོས་དུས་བཀག་ནང་ཚུད་ཐོ་འགོད་བྱེད་དགོས་པ་དང་། དེ་ལྟར་བྱུང་ཚེ་ས་གནས་དེ་དག་ལ་བསླབ་པ་སློབ་གཉེར་བྱེད་ས་འཛུགས་རྒྱུ་དང་མཉམ་མུ་མཐུད་དུ་བཙུན་མ་ཚོར་གསེར་རྟ་བླ་རུང་ཆོས་སྒར་གྱི་ངོས་ནས་མཁན་པོ་གཏོང་རྒྱུ་སོགས་ཀྱི་ལྟ་རྟོག་བྱེད་ཐུབ་རྒྱུ་ཡིན་ཚུལ་དང་། དེ་མ་གཏོགས་དུས་བཀག་ནང་ཚུད་རང་འགུལ་ཐོ་འགོད་དང་ཡང་ན་ཕྱིར་འབུད་མ་བྱས་ཚེ་ཞིང་ཆེན་དང་ཁུལ། རྫོང་སོ་སོའི་ལས་བྱེད་མི་སྣ་ཡོང་ནས་བཙན་གྱིས་སོ་སོའི་ཕ་ཡུལ་ལ་ཁྲིད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བཀའ་བཏང་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང་། གསེར་རྟ་སྒར་གྱི་ངོས་ནས་ཀྱང་ཐབས་ཤེས་འདྲ་མིན་བྱས་ཀྱང་མཐའ་མར་སྐྱབས་དང་རེ་ས་རང་ལས་མ་བྱུང་བས་རྒྱ་ནག་གིས་བཙན་ཁྲིད་མ་བྱས་གོང་ནས་བཙུན་མ་ཚོས་ཐོ་འགོད་བྱེད་རྒྱུའི་རེ་བ་ཡོད་པ་ཡང་ནན་སྐུལ་བྱས་ཐོག་དཀའ་སྡུག་གི་སྐབས་སུ་ལུས་དང་སྲོག་ལ་གནོད་པའི་ལས་བྱེད་མི་རུང་བའི་འབོད་སྐུལ་གནང་འདུག།
དེ་བཞིན་ཡང་སྤྱི་ཟླ་དགུ་བའི་ཚེས་༢༨་དུས་བཀག་ནང་ཚུད་བོད་རང་སྐྱོང་ལྗོངས་ཕྱོགས་ཀྱི་དགེ་འདུན་པ་དང་བཙུན་མ་ཚོ་གསེར་རྟ་སྒར་ཕྱིར་འབུད་དགོས་བའི་བཀའ་བཏང་ཡོད་པ་ལྟར། ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་དུ་སློབ་གཉེར་གནང་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་ནས་ཡིན་པའི་དགེ་འདུན་པ་དང་བཙུན་མ་༡༠༠་ལྷག་བཙན་གྱིས་ཕྱིར་ཕུད་བཏང་འདུག
སྤྱི་ལོ་༢༠༡༦་ལོའི་ཟླ་༧་པའི་ཚེས་༢༠་ཉིན་ནས་སྤྱི་ཟླ་༩་པའི་ཟླ་མཇུག་བར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༦༠༠་མ་ཟིན་ཙམ་བཙན་གྱིས་གཏོར་ཟིན་པ་དང་། ད་དུང་མུ་མཐུད་ནས་གཏོར་བཞིན་པར། རྒྱ་ནག་གཞུང་གིས་ལོ་འདིའི་ནང་མུ་མཐུད་དུ་ཉུང་མཐར་ཡང་བསྡོམས་པས་གྲྭ་ཤག་༡༠༠༠་ལྷག་གཏོར་ཚར་བ་བྱེད་རྒྱུ་ཡིན་པ་རེད།
རྒྱ་ནག་གི་འཆར་གཞི་ཡིག་ཆ་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་བླ་རུང་ཆོས་སྒར་གྱི་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། འདི་ལོར་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་༡༠ཚེས་༣༠སྔོན་ལ་ཕྱིར་བུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་འཆར་གཞི་མང་པོ་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎