རྒྱ་ནག་གཞུང་གིས་ཉི་ནུས་གློག་ཆས་གསར་འཛུགས་ཀྱིས་ཉག་ཆུ་ཡིད་བཞིན་སྡེ་བའི་འབྲོག་པ་ཚོའི་ཕྱུགས་འཚོ་སྐྱོང་བྱེད་ཡུལ་རྩྭ་ཐང་བཙན་འཕྲོག་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༩ བ་ནས་མགོ་བརྩམས་ཏེ་བོད་ནང་གི་ཉག་ཆུ་རྫོང་ཧོར་ལུང་ཤང་གི་ཡིད་བཞིན་སྡེ་བའི་ཚ་ལེབ་དང་རྡོ་ལྔ། གེར་སྐྱའི་ཉག་ཁ་ཞེས་པའི་རྩྭ་ཐང་དང་རི་ངོས་སུ་རྒྱ་ཁྱོན་ཧ་ཅང་ཆེ་བའི་རི་ངོས་དང་ལུང་གཞུང་ཡོངས་སུ་ཁྱབ་པའི་ཉི་ནུས་གློག་ཆས་གསར་འཛུགས་བྱེད་བཞིན་ཡོད་པ་དང་། ས་གནས་ཡུལ་མི་ཚོས་རྩྭ་ཐང་འཕྲོ་བརླག་གཏོང་མི་ཉན་པའི་ཞུ་གཏུགས་བྱས་ཀྱང་སྲིད་གཞུང་གིས་ཉན་འཇོག་གང་ཡང་བྱས་མེད་པ་དང་། རྩྭ་སའི་བདག་དབང་ཡོད་པའི་འབྲོག་པ་ཚོར་རྩྭ་ཐང་གི་ཀུན་གསབ་སོགས་གང་ཡང་མ་སྤྲད་པར། འབྲོག་པ་ཚོ་ཕྱུགས་འཚོ་སྐྱོང་བྱེད་ཡུལ་ཡིད་བཞིན་སྡེ་བའི་ཉེ་འཁོར་ས་གནས་གཞན་ལ་ཕྱིར་ཕུད་ཀྱིས་རྩྭ་ཐང་བཙན་འཕྲོག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་ཞིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ཉི་ནུས་གློག་ཆས་དེ་དབྱར་དུས་ཆར་ཞོད་དང་ཆུ་ལོགས་སོགས་འགོག་ཐབས་ཆེད་ཡིན་པ་བརྗོད་བཞིན་ཡོད་ཀྱང་། མི་མང་གིས་གློག་ནུས་དེ་སྤྱད་ནས་གློག་ཁང་ཆེད་འཛུགས་ཀྱིས་ས་ཁུལ་གཞན་ཞིག་ལ་གློག་འཐེན་བཞིན་པ་དངོས་སུ་མཐོང་ཡོད་པ་དང་། གློག་ཆས་དེར་འོད་དང་ནུས་པ་ཆེན་པོ་ཡོད་པས་ཉེ་འཁོར་གྱི་རྩྭ་ཐང་ལ་རྩ་མི་སྐྱེས་པ་དང་། འབྲོག་པ་ཚོས་ཕྱུགས་འཚོ་སྐྱོང་བྱེད་ཡུལ་རྩྭ་ཐང་གི་ཆེས་ཡག་པོ་ཡོད་ཁུལ་དང་གཞི་རྒྱ་ཆེན་པོ་ཞིག་འཕྲོ་བརླགས་བཏང་ཡོད་སྟབས། འདི་ལོ་ཕྱི་ཟླ་ ༤ ནང་ས་གནས་ཡུལ་མི་ཚོས་སྲིད་གཞུང་ལ་ལས་གཞི་དེ་མཚམས་འཇོག་དགོས་པའི་ཞུ་གཏུགས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པར་རྩྭ་ཐང་བཙན་འཕྲོག་བྱས་ཡོད་པ་བརྗོད་བྱུང་།
ཡང་གོང་ཞུས་འབྲེལ་བོད་མི་གཞན་དེས་ཐེངས་འདིར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ངོས་ནས། ཉི་ནུས་གློག་ཆས་འཛུགས་སྐྲུན་བྱེད་ཡུལ་གཙོ་བོ་ཡིད་བཞིན་སྡེ་བའི་ས་ཆའི་ནང་ཡིན་པ་དང་། ཉི་གློག་གསར་འཛུགས་བྱེད་ཡུལ་དུ་ཉེན་རྟོག་པས་སྐོར་སྲུད་འོག་མི་འགྲོ་སྐྱོད་བྱེད་བཅུག་གི་མེད་པ་དང་། འབྲོག་པ་ཚོས་འཚོ་གནས་གཙོ་བོ་རྩྭ་ཐང་དུ་ཕྱུགས་རིགས་འཚོ་སྐྱོང་ལ་བརྟེན་ཡོད་པས། སྤྱིར་ན་རྩྭ་སའི་མི་འདང་བའི་དཀའ་ངལ་ཡོད་པ་དང་། རྩྭ་ཐང་རྒྱ་ཁྱོན་ཆེན་པོ་བེད་མེད་བཏང་བ་དེས་འབྲོག་པའི་འཚོ་བརྟེན་ལ་དཀའ་ཁག་ཆེན་པོ་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཡུལ་མི་ཚོར་མུ་མཐུད་ཉི་ནུས་གློག་ཆས་ས་ཁུལ་མང་པོའི་ནང་གསར་འཛུགས་བྱ་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པས། མ་འོངས་པར་འབྲོག་པ་ཚོའི་འཚོ་གནས་རྩ་མེད་གཏོང་གཞི་ཞིག་ཆགས་ཀྱི་ཡོད་པ་བརྗོད་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་ཟེར་བ་ཞིག་བཤད་ནས། བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་རྩྭ་ཐང་བདག་བཟུང་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་བོད་ནང་གི་བསང་ཆུ་རྫོང་གི་འབྲོག་པ་ཚོར་སྨི་ཁྲི་ ༡༥༥ ལྷག་གི་རྩྭ་ཐང་ཁུལ་དུ་ཕྱུགས་ཟོག་འཚོ་མི་ཆོག་པའི་བཀོད་ཁྱབ་བཏང་སྟེ་རྩྭ་ཐང་གཞུང་བཞེས་བཏང་ཡོད་པ་རེད་ལ།དེ་བཞིན་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཁྲིན་ཏུའུ་རྫོང་གི་འབྲོག་སྡེ་ཁག་ཏུ་དེ་སྔ་རྩྭ་སའི་བདག་དབང་ལོ་ ༥༠ རིང་འབྲོག་པ་ཚོར་ཡོད་ལུགས་བརྗོད་པའི་རྩྭ་སའི་འཛིན་ཡིག་ཅེས་པ་ཕྱིར་བསྡུ་བྱས་ཏེ་རྩྭ་ས་གཞུང་གི་བདག་བཟུང་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།