རྒྱ་ནག་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་པ་ཧོང་ཆི་ལ་ཁྲིམས་ཞིབ།
2009.02.02
༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཞིག་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེའི་ནང་ཚེ་སྲོག་ཤོར་བའི་སློབ་ཕྲུག་གི་ཕ་མ་ཚོར་ཁྲིམས་རྩོད་རོགས་རམ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་ནས་ད་ཆ་ཁྲིམས་ཐོག་ནས་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད་པ་ཁོང་གི་བཟའ་ཟླ་དང་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་བཞག
རང་ལོ་བཞི་ཅུ་ཞེ་ལྔ་ཕེབས་པ་ཧོང་ཆི་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་བརྒྱད་ཀྱི་རྗེས་གཟའ་ཟླ་བའི་སྔ་དྲོ་ཁོང་གི་བཟའ་ཟླ་ཙང་གླིང་ལ་ཁྲིམས་ཁང་གི་བརྡ་ཐོ་འབྱོར་ནས་ཧོང་ཆི་ལ་གཟའ་མིག་དམར་ཉིན་ཁྲིམས་ཁང་དུ་ཁྲིམས་ཞིབ་བྱ་རྒྱུ་ཡིན་པའི་སྐོར་ཁོང་གི་ཁྲིམས་རྩོད་པར་ལན་བསྐྱལ་དགོས་པ་བརྗོད་ཡོད་འདུག ཧོང་ཆི་ཟླ་བ་བརྒྱད་ཀྱི་གོང་རྒྱ་ནག་གྲན་ཏུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པ་དང་ཁོང་གིས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ས་ཡོམ་གྱི་གནོད་འཚེ་ཕོག་ནས་དེའི་ནང་སློབ་ཕྲུག་མང་པོ་སློབ་ཁང་རྡིབ་སྐྱོན་གྱི་འོག་རྐྱེན་འདས་སུ་ཕྱིན་ཡོད་པར་བརྟེན་ས་ཡོམ་གྱི་གནོད་འཚེའི་ནང་སློབ་ཁང་མང་པོ་ཞིག་རྡིབ་སྐྱོན་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ནི་ཐོག་བརྩེགས་ཅན་གྱི་སློབ་ཁང་ཨར་རྒྱག་བྱེད་པའི་སྐབས་ཨར་ལས་རྩིས་ལེན་གྱི་ཁེ་ལས་པ་ཚོ་དང་འབྲེལ་ཡོད་གཞུང་གི་ཨར་ལས་དོ་དམ་ལས་བྱེད་པས་ལྐོག་ཟ་བྱས་ནས་ཨར་པོའི་སྤུས་ཚད་མི་འདེངས་བའི་རྐྱེན་གྱིས་ཐོག་བརྩེགས་ཅན་གྱི་སློབ་ཁང་མང་པོ་རྡིབ་སྐྱོན་བྱུང་ཏེ་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད་པའི་སྐོར་ཐེར་འདོན་གནང་ནས་སློབ་ཕྲུག་ཚོའི་ཕ་མ་ཚོར་དོན་རྐྱེན་དེའི་ཐོག་ཞུ་གཏུགས་རྒྱབ་རྒྱུའི་ལས་འགུལ་སྤེལ་གནང་ཡོད་པ་རེད།