རྒྱ་ནག་སྐུ་ཚབ་དང་རྒྱ་གར་དཔོན་རིགས་བར་མཇལ་འཕྲད།
2009.09.19
༄༅༎ཉེ་དུས་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་ཐོག་ཏུ་གསང་འཛུལ་བྱས་པའི་གནས་ཚུལ་བྱུང་སྟེ་དེང་སྐབས་རྒྱ་དཀར་ནག་གཉིས་དབར་ས་མཚམས་བདག་དབང་གི་གནད་དོན་ཐོག་རྩོད་རྙོག་ཐུག་བཞིན་པའི་སྐབས་འདིར་རྒྱ་གར་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོས་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་དང་མཇལ་འཕྲད་གནང་ཡོད་འདུག དེ་ཡང་ཉེ་ལམ་ཞིག་ནས་བཟུང་རྒྱ་ནག་གི་དམག་མིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ས་ཐོག་ཏུ་གསང་འཛུལ་བྱས་ཡོད་སྐོར་དང་ཡང་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ནང་ཆིབས་བསྒྱུར་གནང་འཆར་ཡོད་པ་དེར་རྒྱ་ནག་གཞུང་གིས་དགག་བྱའི་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པ་སོགས་ཀྱིས་གནད་དོན་ཐད་དེང་སྐབས་བརྒྱུད་ལམ་ཁག་ནང་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར་འདི་ཚེས་བཅོ་བརྒྱད་ཉིན་རྒྱ་གར་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཀྲང་ཡན་གྱིས་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་ཟུང་འབྲེལ་དྲུང་ཆེ་ལྦི་ཇེ་ཀེ་ཤལྦ་གོ་ཁ་ལི་དང་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག་པ་མ་ཟད་མཇལ་འཕྲད་དེ་ཡང་རྒྱ་ནག་གཞུང་ཚབ་ཆེན་མོས་གྲོས་འགོ་སྟོན་པ་ལས་བྱུང་བ་ཞིག་ཡིན་སྐོར་རྒྱ་གར་ཨེ་ཨེན་ཨའེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་དང་ཆབས་ཅིག་མཇལ་འཕྲད་དེའི་སྐབས་ཕྱོགས་གཉིས་དབར་གནད་དོན་ག་རེའི་ཐོག་བཀའ་བསྡུར་གནང་ཡོད་མིན་སྐོར་གོང་ཞུས་གསར་ལས་ཁང་གིས་རྒྱ་ནག་གཞུང་ཚབ་ཁང་ལ་བཀའ་འདྲི་ཞུས་པར་ཁ་གསལ་གྱི་ལན་འདེབས་གང་ཡང་གནང་མ་བྱུང་ཞེས་ཨེ་ཨེན་ཨའེ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་འགྲེལ་བརྗོད་བྱས་འདུག།