བླ་རུང་སྒར་ནས་གྲྭ་བཙུན་ ༤༨༢༨ ཡོངས་སུ་ཕྱིར་ཕུད་བྱས་འདུག
2017.04.07

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་འཆར་གཞི་ལྟར་ཁྱོན་བསྡོམས་གྲྭ་བཙུན་མི་གྲངས་ ༤༨༢༨ ཡོངས་སུ་ཕྱིར་ཕུད་ཟིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་སྔ་ཕྱིར་ཁྱོན་བསྡོམས་གྲྭ་བཙུན་མི་གྲངས་ ༤༨༢༨ ཕྱིར་ཕུད་གཏོང་འཆར་གྱི་ཁོངས་ནས་མང་ཆེ་བ་ཉེ་བའི་ནང་ཕྱིར་ཕུད་བཏང་ཟིན་པ་དང་། ལྷག་འཕྲོ་མཚོ་སྔོན་ཕྱོགས་ཀྱི་གྲྭ་བཙུན་༢༥༠་ཙམ་ཡོད་པ་དེ་དག་ཟླ་འདིའི་ཚེས་༦་ཉིན་ཡོངས་སུ་ཕྱིར་ཕུད་བཏང་ཟིན་འདུག
དེ་ཡང་ས་གནས་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ། ཚེས་༦་ཉིན་མཚོ་སྔོན་ཕྱོགས་ཀྱི་གྲྭ་བཙུན་རྣམས་ཕྱིར་ཕུད་བྱས་ཡོད་པ་དང་། ཉེ་བའི་ནང་གྲྭ་བཙུན་ཚོའི་རེ་འདོད་དང་གསེར་རྟ་སྒར་གྱི་མཁན་པོ་རྒྱུན་ལས་རྣམ་པས་ཐབས་ཤེས་གོ་སྒྲིག་བྱས་པ་ལྟར་རྒྱ་ནག་གི་ཆོག་མཆན་ཐོབ་པ་བརྒྱུད། ཁག་གཅིག་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་མཁན་པོ་རིག་དར་ཚང་གི་རྩིས་མདའ་དགོན་པར་གནས་སྐབས་བཤད་གྲྭ་བཙུགས་ནས་དེར་ཆེད་དུ་སོང་ཡོད་པ་དང་། ཁག་གཅིག་སོ་སོའི་ཕ་ཡུལ་གྱི་དགོན་པར་ལོག་ཕྱིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་ཁྱོན་བསྡོམས་ ༤༧༢༥ གཏོར་རྒྱུའི་འཆར་གཞིའི་ཁོངས་ནས་མང་ཆེ་བ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་ཟླ་བ་གཉིས་ཀྱི་ནང་གཏོར་ཟིན་པ་དང་། ལྷག་འཕྲོ་ཁང་པ་གཉིས་སྟོང་མ་ཟིན་ཙམ་ཡོད་པ་སྤྱི་ཟླ་༣་པའི་ཚེས་༢༤་ཉིན་གཏོར་འགོ་ཚུགས་ནས་འདི་ལོའི་ཕྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་ཟིན་པ་བྱེད་རྒྱུ་ཡིན་འདུག
ཕྱི་ཟླ་ ༣ ཚེས་ ༣༠་ཉིན་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡེ་ལེ་ཡིས་སྣེ་ཁྲིད་ནས་ཞིང་ཆེན་དང་། ཁུལ། རྫོང་རིམ་པ་བཅས་ཀྱི་རྒྱ་ནག་གི་དཔོན་རིགས་ཁག་གཅིག་གིས་རྒྱ་ཆེར་གཏོར་བཞིན་པའི་གསེར་རྟ་བླ་རུང་སྒར་ལ་རྟོག་ཞིབ་བྱས་ནས་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡེ་ལེ་ཡིས་ཁང་པ་གཏོར་དགོས་པ་དེ་ཚོ་ཡང་གྲངས་ཀ་ལོན་ཐབས་ཙམ་མ་ཡིན་པར་ཁང་པ་ཆེ་བའི་རིགས་གཙོ་བོ་བྱས་ནས་གཏོར་དགོས་བ་ལས་ཁང་པ་ཆུང་ཆུང་རིགས་གྲངས་ཀའི་ནང་བརྩི་མི་ཆོག་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད།
གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།