རྒྱ་ནག་གཞུང་གིས་ཨོ་རྩེད་འགྲན་ཚོགས་དང་བསྟུན་བོད་ཡིག་ཐ་སྙད་གཏན་འབེབས་ཟེར་བར་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་འདུག

2022.02.15
རྒྱ་ནག་གཞུང་གིས་ཨོ་རྩེད་འགྲན་ཚོགས་དང་བསྟུན་བོད་ཡིག་ཐ་སྙད་གཏན་འབེབས་ཟེར་བར་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་འདུག རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཨོ་རྩེད་ལུས་རྩལ་དང་འབྲེལ་བའི་ཐ་སྙད་གཏན་འབེབ་ཟེར་བ་ཞིག་ཡོངས་བསྒྲགས་ཀྱིས། མི་མང་ཁྲོད་ཐ་སྙད་དེ་དག་བཀོལ་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་།
Reuters

འདི་ལོའི་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཚོགས་བཞིན་པའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དང་འབྲེལ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཨོ་རྩེད་ལུས་རྩལ་དང་འབྲེལ་བའི་ཐ་སྙད་གཏན་འབེབ་ཟེར་བ་ཞིག་ཡོངས་བསྒྲགས་ཀྱིས། མི་མང་ཁྲོད་ཐ་སྙད་དེ་དག་བཀོལ་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ་དང་། དེ་འབྲེལ་བཀོད་ཁྱབ་ཅིག་སྤྱི་ཚོགས་དྲ་ལམ་དུ་སྤེལ་བར་བོད་མི་ཚོས་ཐ་སྙད་དེ་དག་རྒྱ་ཡིག་ནས་ཐད་སྒྱུར་ཆེ་བ་ཡོད་པས་ཕན་ལས་གནོད་ཆེ་བ་དང་། ཐ་སྙད་གསར་བཟོ་བྱེད་སྐབས་བོད་མི་རང་གིས་བསྒྲིགས་བཞིན་པའི་རིག་མཛོད་ཁག་དང་བསྟུན་དགོས་པ།ཐ་སྙད་མང་པོ་འདི་ལྟར་བཟོས་ན་མ་འོངས་པར་བོད་མི་ཚོས་རྒྱ་མི་ཚོས་བོད་སྐད་བཤད་སྟངས་ལྟ་བུ་ཞིག་བཤད་རྒྱུ་ཡིན་པ་སོགས་ཀྱི་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་ཨོ་རྩེད་སྐོར་ཐ་སྙད་མང་པོ་ཞིག་བཟོས་ཏེ་ཁྱབ་སྤེལ་བཏང་བའི་ནང་། རྒྱ་ཡིག་ནས་སྒྱུར་བའི་ཐ་སྙད་ཁག་གི་ནང་ཨོ་རྩེད་འགྲན་ཚོགས་ཀྱི་མཚོན་རྟགས་ཁག་གི་མིང་(冰墩墩)པང་ཏུང་ཏུང་དང་(雪容融)ཞོལ་རུང་རུང་། དེ་བཞིན་རྒྱ་ཡིག་ནས་ཡོད་པའི་རྩེད་རིགས་ཁག་གི་མིང་ལ(试滑员)ཚོད་ཤུད་པ།ཡ་པང་གངས་ཤུད་། དར་ཆིངས་མ་སོགས་རྒྱ་ཡིག་རང་གི་སྒྲ་གདང་དང་ཐད་བསྒྱུར་བྱས་ཡོད་པའི་ཐ་སྙད་༦༠ལྷག་ཙམ་བོད་སྒྱུར་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པའི་འགན་འཛིན་ཨྱོ་བསྟན་འཛིན་ལགས་ནས།རྒྱ་ནག་གཞུང་གིས་རྒྱ་ཡིག་རང་ནས་སྒྱུར་བཞིན་པའི་ཐ་སྙད་དེ་དག་རྒྱ་སྐད་རང་གི་སྒྲ་གདངས་སོར་འཇོག་དང་། མི་མང་ལ་ངེས་པར་བེད་སྤྱོད་གཏོང་དགོས་པའི་བཀོད་ཁྱབ་གཏོང་བཞིན་པ་དེས། མ་འོངས་པར་བོད་ཀྱི་སྐད་ཡིག་ནང་བསྲེས་སྐད་མང་པོ་ཡོང་རྒྱུ་ཡིན་པ་གསུངས་སོང་།

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་དུ་སྲིད་གཞུང་གིས་ཆེད་འཛུགས་བྱས་པའི་བོད་སྐད་ཐ་སྙད་བཀས་བཅད་བརྡ་ཆད་གཏན་འབེབས་ལས་ཁུངས་ཟེར་བ་ཟུར་འཛུགས་ཀྱིས། རྒྱ་ནག་གཞུང་གི་ཆབ་སྲིད་ཚིག་བརྗོད་དང་ཚོགས་འདུ་ཁག་གི་དགོངས་དོན་ཐ་སྙད་གསར་བཟོ་བྱེད་བཞིན་ཡོད་པ་ལྟར། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་བོད་ཡིག་ཐ་སྙད་མང་པོ་ཞིག་རྒྱ་ཡིག་ནས་ཤུགས་ཆེར་བསྒྱུར་བཞིན་པ་དེ། རྒྱ་ནག་གཞུང་གིས་སྐད་ཡིག་རྒྱ་སྒྱུར་གྱི་སྲིད་བྱུས་དང་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད། ཐ་སྙད་ཁག་བཟོ་སྐབས་རྒྱ་ནག་གི་ཁྱད་ཆོས་ལྡན་པ་ཞིག་བཟོ་བཞིན་པ་དེས། ཐ་སྙད་དང་སྐད་ཆ་བཤད་རྒྱུ་ཚུན་ཆད་ནས་བོད་མི་ཚོའི་བསམ་བློ་སྒྱུར་ཐབས་དང་། སྐད་ཡིག་ངོས་ནས་ཀླད་པ་དཀྲི་སྟངས་ཀྱི་རྒྱ་སྒྱུར་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་སྐོར་གསུངས་སོང་།

རྒྱ་ནག་གཞུང་གིས་ནམ་རྒྱུན་ཚོགས་འདུ་ཁག་དང་དུས་ཆེན་སོགས་དང་བསྟུན། ཐ་སྙད་གསར་བཟོ་བྱས་ཏེ་མི་མང་ཁྲོད་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་༡༢་ནང་བོད་མཚོ་སྔོན་ཕྱོགས་སུ་སྲིད་གཞུང་གིས་གཏན་འབེབ་བྱས་པའི་བརྡ་ཆད་ལས། དེ་མིན་མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཐ་སྙད་གང་བྱུང་བཀོལ་སྤྱོད་མི་བྱེད་པའི་བཀོད་ཁྱབ་བཏང་ཡོད་པ་རེད་ལ། ཡང་ཨྱོ་བསྟན་འཛིན་ལགས་ནས་སྤྱིར་རྒྱ་ནག་གཞུང་གིས་བོད་ཡིག་ཐ་སྙད་གསར་བཟོ་བྱེད་བཞིན་པ་དེ། ཁོ་རང་ཚོས་ངོས་ནས་བོད་ཡིག་ཁྱབ་སྤེལ་གཏོང་གི་ཡོད་པའི་རྣམ་པ་སྟོན་ཐབས་ཙམ་ཡིན་ན་ཡང་། ཐ་སྙད་བཟོ་མཁན་ཁྲོད་མཁས་པའི་ལྷན་ཚོགས་ལྟ་བུའི་གོ་བསྡུར་མེད་པ་སོགས་ཀྱིས་བོད་སྐད་ནང་དེ་སྔ་ནས་ཡོད་པའི་སྲོལ་རྒྱུན་ཐ་སྙད་མང་པོ་ཞིག་རྩ་མེད་འགྲོ་རྒྱུ་དང་སྤུས་དག་མི་ཡོང་བ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། ཐ་སྙད་གཏན་འབེབ་ཀྱི་རྒྱབ་ལྗོངས་དེ་ཡང་ཡག་དག་ཅིག་མིན་པའི་ལྟ་ཚུལ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༠ལོ་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བརྡ་ཆད་གཏན་འབེབས་ལས་གཞི་དེ་མགོ་ཚུགས་ཏེ། ད་བར་བོད་ཡིག་ཐ་སྙད་བཀས་བཅད་སྤྱི་བསྒྲགས་ཟེར་བ་འདོན་ཐེངས་༡༡༤བཅས་བརྡ་ཆད་༣༠༠༠ལྷག་གཏན་འབེབས་བྱས་ཡོད་པ་དང་། ཐ་སྙད་མང་པོ་ཞིག་རྒྱ་ཡིག་རང་ནས་ཐད་སྒྱུར་བྱས་ཡོད་པ་མ་ཟད། ལྷག་པར་དུ་ཆབ་སྲིད་ཀྱི་མིང་ཚིག་དཔེར་ན (家国情怀) ཁྱིམ་ཞེན་རྒྱལ་ཞེན། (红嫂) གསར་བརྗེའི་བུད་མེད། (政治品格) ཆབ་སྲིད་ཀྱི་གཤིས་སྤྱོད། (爱国情、强国志、报国行)རྒྱལ་གཅེས་བརྩེ་སེམས། རྒྱལ་སྟོབས་སྤེལ་འདུན་། རྒྱལ་དྲིན་གསོལ་སྤྱོད་སོགསམང་དག་ཅིག་བཟོ་ཏེ་མི་མང་ཁྲོད་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎