རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་བཅུག་པ་དེས་འབྲོག་པའི་འཚོ་གནས་ལ་བརྡབ་གསིག་ཤུགས་ཆེར་ཐེབས་བཞིན་ཡོད་འདུག

ཉེ་བའི་ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བསང་ཆུ་རྫོང་སྲིད་གཞུང་གིས་ཡུལ་དེའི་རྩྭ་ཐང་རྒྱ་ཁྱོན་རྨིད་ཁྲིད་༡༥༥སྟེང་། ཕྱི་ལོ་༢༠༢༢ལོ་ནས་༢༠༢༥བར་འབྲོག་པ་ཚོས་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་བཞིན། ལས་གཞི་དེ་ལོ་ཤས་སྔོན་ནས་འགོ་ཚུགས་ཡོད་ཀྱང་ད་བར་འབྲོག་པ་ཚང་ཚོགས་ཀྱིས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་པས་ལག་ལེན་དངོས་སུ་བྱེད་ཐུབ་མེད་ན་ཡང་། འདི་ལོའི་ཕྱི་ཟླ་༡༡ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་ཡོད་པ་དང་། ཡུལ་ཕྱོགས་དེ་དག་མང་ཆེ་བ་འབྲོག་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་མཁན་ཡིན་པས། སེམས་ཅན་འཚོ་སྐྱོང་མི་ཆོག་པ་དེས་འབྲོག་པ་ཚོར་རྩྭ་ས་མི་འདང་བ་སོགས་འཚོ་གནས་ལ་བརྡ་གསིག་ཐེབས་བཞིན་ཡོད་པ། བཙན་བྱོལ་ནང་ཡོད་པའི་ས་གནས་དེ་རང་གི་བོད་མི་གཉིས་ནས་འབྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིར་བསང་ཆུ་རྫོང་གི་འབྲོག་ཁུལ་དུ་རྩྭ་སར་སེམས་ཅན་འཚོ་སྐྱོང་མི་ཆོག་པ་དེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེས་ཁམས་སྲུང་སྐྱོབ་ཆེད་ཡིན་སྐོར་བཤད་བཞིན་ཡོད་ཀྱང་། དོན་དངོས་སུ་དེ་ལྟར་རྩ་ནས་མིན་པར་རྒྱ་ནག་གཞུང་འབྲེལ་ངོས་ནས་ཡུལ་དེའི་བསང་ཆུའི་འགྲམ་རྒྱུད་དང་ཨ་མཆོག་གོང་སྔོན་བླ་རི་སོགས་སུ་གསེར་དངུལ་གྱི་གཏེར་ཁ་སྔོགས་འདོན་ཤུགས་ཆེར་བྱས་ཏེ་ད་དུང་མཚམས་འཇོག་བྱེད་ཀྱི་མེད་པ་དང་། ཕྱོགས་གཞན་ཞིག་ནས་དེང་སྐབས་མཚོ་སྔོན་ཟི་ལིང་ནས་རྒྱ་ནག་ཁྲིན་ཏུའུ་བར་དུ་ལྕགས་ལམ་བཟོ་སྐྲུན་བྱེད་བཞིན་པ་དེའི་ཆེད་དུ་རྩྭ་ཐང་གཞུང་བཞེས་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་དོན་དུ་འབྲོག་ཁུལ་གྱི་རྩྭ་ཐང་མང་པོའི་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཉེ་སྔོན་ཕྱི་ཟླ་༡༡ཚེས་༡ཉིན་སྤེལ་བའི་རྒྱ་ནག་གཞུང་འབྲེལ་གྱི་བརྡ་ཁྱབ་དེའི་ནང་། ཁྲིམས་འགལ་ངང་སེམས་ཅན་འཚོ་སྐྱོང་བྱས་པ་ཡིན་ན་རྩྭ་ཐང་གི་རོགས་སྐྱོར་ཁ་གསབ་མེད་པ་གཏོང་རྒྱུ་ཡིན་པ་སོགས་བཀོད་ཡོད་ཀྱང་། འབྲེལ་ཡོད་བོད་མི་གཞན་དེས་བསང་ཆུ་ཕྱོགས་ཀྱི་རྩྭ་ཐང་མང་པོ་ཞིག་དེ་སྔ་ནས་རྒྱ་ནག་གཞུང་གིས་སྲིད་གཞུང་གི་ས་ཆ་ཡིན་སྐོར་བརྗོད་ནས་བདག་ཉར་བྱས་ཡོད་ཀྱང་། འབྲོག་པ་མང་ཚོགས་ལ་རྩྭ་ཐང་གི་ཁ་གསབ་དངུལ་གཅིག་ཀྱང་སྤྲོད་ཀྱི་མེད་པ་དང་། དེང་སྐབས་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་རྩྭ་ཐང་ཇེ་ཆེ་དང་འབྲོག་པའི་རྩྭ་ས་ཇེ་ཉུང་དུ་སོང་སྟེ་རྩ་ཆུའི་མ་འདང་བའི་རྐྱེན་གྱིས། འབྲོག་པ་ཚོས་སེམས་ཅན་ཇེ་ཉུང་དང་ཚོད་འཛིན་བྱ་དགོས་བྱུང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བླ་བྲང་ཕྱོགས་སུ་རྩྭ་ཐང་དང་འབྲེལ་བའི་སྲིད་བྱུས་ཁག་ཅིག་ཕྱི་ལོ་༢༠༡༦ལོ་ནས་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༡༦ལོར་རྒྱ་ནག་གཞུང་གིས་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་གོང་སྔོན་བླ་རི་ནས་གཏེར་ཁ་བསྔོག་འདོན་བྱས་པས་ས་གནས་ཡུལ་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠་བའི་ནང་རྒྱ་ནག་གཞུང་གིས་བསང་ཆུ་རྫོང་རྒན་གྱའི་རྩེ་དབུས་གྲོང་ཚོའི་ནང་། རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་འབྲོག་པ་ཚོར་ཕྱུགས་ཟོག་ལ་ཚོད་འཛིན་དགོས་པའི་བཀོད་ཁྱབ་དང་འབྲེལ། རྩེ་དབུས་ནས་འབྲོག་པ་ཚོས་དེར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན། ས་གནས་ཡུལ་མི་༥་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།