ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་རྒྱའི་ཚོགས་པས་འབོད་སྐུལ།
2008.05.07
༄༅༎ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་བདག་དབང་ལ་བརྩི་བཀུར་ཞུས་
གནང་དགོས་ཀྱི་རེད་ཅེས་རྒྱ་ནག་གཅིག་ཅེས་པ་དང་ཨ་མི་རི་ཀ་དང་རྒྱ་ནག་གི་མཐུན་ཚོགས་ཞེས་པའི་
ཨ་རིའི་ནང་གི་རྒྱ་མིའི་ཚོགས་པ་གཉིས་ཀྱིས་ཁ་ས་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་
ཤིང་ཧྭ་གསར་ཤོག་བརྒྱུད་ལམ་ནང་འབོད་སྐུལ་ཞུས་ཡོད་པ་རེད་
དེ་ཡང་ཡོངས་བསྒྲགས་ཡི་གེ་དེའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ ནེན་སི་པེ་ལོ་སཱི་ མཆོག་གིས་ད་ལྟའི་བོད་ནང་གི་གནད་དོན་ཐོག་ཐུགས་འཚབ་ཆེན་པོ་གནང་བཞིན་པ་དེ་རྒྱ་གཞུང་དང་
༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་རེད་ཅེས་བརྗོད་པ་
དེ་དོན་དངོས་སུ་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་གནོད་འཚེ་གཏོང་གཞི་ཞིག་མིན་ནམ་དྲན་པ་འདུག་
ཅེས་དང་ལྟག་པར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་སྟོན་པའི་ཁྲིམས་གཞི་ཨང་༡༠༧༧ནང་རྒྱ་ནག་གཞུང་
གིས་བོད་ནང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས་པའི་སྐོར་འཁོད་ཡོད་པ་དེར་ངོས་ལེན་མེད་ཅེས་
བརྗོད་ཡོད་པ་རེད་
རྒྱ་ནག་གཞུང་གིས་སོ་སོའི་རྒྱལ་ཁབ་ནང་ཞི་བདེ་ཡོང་རྒྱུའི་ཆེད་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་ཚོའི་
ཐོག་དྲག་གནོན་བྱེད་པ་དེ་འོས་འགན་ཞིག་ཡིན་པ་ལས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་ཞུས་པ་
ཞིག་མིན་ལུགས་ཡོངས་ཁྱབ་ཡི་གེ་དེའི་ནང་འཁོད་ཡོད་པ་རེད་
ལྷག་པར་དུ་བོད་ནང་གི་དོན་རྐྱེན་ལ་རྒྱབ་སྐྱོར་མཚོན་ཆེད་རིང་མིན་རྒྱ་ནག་ནང་སྐོངས་འཚོགས་བྱེད་རྒྱུའི་
རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་སྒོ་འབྱེད་རྟེན་འབྲེལ་མཛད་སྒོའི་ཐོག་སྲིད་འཛིན་སྦུཤེ་མཉམ་ཞུགས་མ་གནང་
རོགས་ཞེས་འབོད་སྐུལ་བྱེད་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལུགས་སོགས་ཡོངས་ཁྱབ་
ཡི་གེ་དེའི་ནང་བཀོད་ཡོད་པ་རེད་