རྒྱ་ནག་བཙན་བྱོལ་བོད་མིའི་དྲ་ལམ་ལ་གསང་འཛུལ་བྱེད་ཀྱི་འདུག


2015.08.21
རྒྱ་ནག་གི་དྲ་ཁང་ཞིག་གི་ནང། རྒྱ་ནག་གི་དྲ་ཁང་ཞིག་གི་ནང།
དྲ་བཤུས། ITS

རྒྱ་ནག་གཞུང་གི་དྲ་ཐོག་གསང་ཉུལ་བ་རྒྱ་གར་དང་བཙན་བྱོལ་བོད་མིའི་དྲ་ལམ་ཁག་ལ་ཡང་ཡང་གསང་འཛུལ་བྱེད་བཞིན་འདུག
དེ་ཡང་རྒྱ་གར་གྱི་གཞུང་འབྲེལ་ལས་ཁུངས་དང་། མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ཁག་གི་དྲ་རྒྱའི་ནང་རྒྱ་ནག་ནས་དྲ་ལམ་བརྒྱུད་སིམ་འཛུལ་གྱིས་གནས་ཚུལ་སྔོག་བཤེར་དང་། གསང་བ་རྐུ་འཁྱེར་བྱེད་པ། དེ་བཞིན་དྲ་ལམ་བརྒྱུད་ནད་འབུ་བཏོང་བ་སོགས་གནོད་འཚབ་གཏོང་གི་ཡོད་པའི་སྐོར་FireEyeཞེས་པའི་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས་ཚེས་༢༡རེས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་།
གོང་གསལ་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས་བརྗོད་པར་གཞིགས་ན། རྒྱ་གར་ཐོག་རྒྱ་ནག་ནས་དྲ་ལམ་བརྒྱུད་གསང་ཉུལ་གྱི་ལས་འགུལ་དེ་བཞིན་༢༠༡༢ནས་འགོ་འཛུགས་བྱས་པ་དང་།  གསང་བ་མཁོ་བསྒྲུབ་ཀྱི་ལས་དོན་ནང་། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་གསང་གནས་དང་། ད་དུང་བཙན་བྱོལ་བོད་མིའི་དྲ་ལམ་ཁག་ལའང་ལྐོག་འཛུལ་བྱས་ནས་རྒྱ་ནག་གཞུང་ལ་ཚོར་བ་རྣོ་པོ་ཡོད་པའི་བོད་དོན་ལས་འགུལ་དང་། ལས་འགུལ་བའི་སྐོར་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་གསལ་འདུག
དྲ་ལམ་བརྒྱུད་སིམ་འཛུལ་བྱ་ཕྱོགས་ཐད་ནས་འབྱུང་ཁུངས་ཁ་གསལ་མེད་པའི་གློག་འཕྲིན་བརྒྱུད་གནས་ཚུལ་མཁོ་གཏོང་བྱེད་པ་དང་། གློག་འཕྲིན་དེ་དག་ལྟ་ཀློག་བྱ་སྐབས་དྲ་རྒྱའི་ནང་ནད་འབུ་བཏང་སྟེ། སིམ་འཛུལ་བྱ་ཡུལ་ལས་ཁུངས་དང་ཚོགས་པ་སྒྲིག་འཛུགས་གང་ཡིན་དེ་དག་གི་རྩིས་འཁོར་Computerལ་ནད་ཕོགས་པ་མ་ཟད། གསང་བ་རྐུ་འཁྱེར་བྱ་རྒྱུའི་ནུས་པ་ལྡན་ཡོད་པ་གསལ་འདོན་བྱས་འདུག
གོང་གསལ་FireEyeདྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས་ཕེརན་སི་གསར་ལས་ཁང་ལ་བརྗོད་དོན། རྒྱ་གར་གྱི་གཞུང་འབྲེལ་ལས་ཁུངས་དང་། མཐོ་རིམ་སློབ་གྲ་ཁག་གི་དྲ་རྒྱའི་ཐོག་སིམ་འཛུལ་བྱ་མཁན་རྣམས་རྒྱ་ནག་ནས་ཡིན་པའི་དཔང་རྟགས་ཞིག་ནི་ནད་འབུ་ཡོངས་ཁུངས་ལ་རྩད་ཞིབ་བྱ་སྐབས་མི་སྣ་དེ་དག་རྒྱ་སྐད་བེད་སྤྱོད་བྱ་མཁན་ཡིན་པའི་རྟགས་མཚན་གསལ་པོ་ཡོད་པ་རེད། དྲ་རྒྱའི་བདེ་འཇགས་མཁས་པ་ཚོས། རྒྱ་གར་གྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་ཚགས་ཚུད་མེད་པའི་སྐོར་སྔ་རྗེས་ཉེན་བརྡ་བཏང་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་གཞུང་འབྲེལ་ལས་བྱེད་མང་པོས་ཕན་ཚུན་ཡིག་འབྲེལ་བྱ་སྐབས་Hotmail དང་། Gmailསོགས་བདེ་འཇགས་གཏན་པོ་མེད་པའི་གློག་འཕྲིན་བེད་སྤྱོད་བྱས་པའི་རྐྱེན་ལ་ཐུགས་ཀྱིི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎