ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་མེད་པ་བཟོས་འདུག
2013.12.23

༄༅༎བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས༡༩ཉིན་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཨ་མཆོག་གྲོང་བརྡལ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་རྗེས། དེ་མ་ཐག་ས་གནས་སེར་སྐྱ་མི་མང་གིས་ཁོང་གི་སྐུ་ཕུང་དགོན་པའི་ནང་གདན་འདྲེན་ཞུས་ཏེ། མཆོད་འབུལ་དང་བསྔོ་སྨོན་གནང་ཡོད་ཀྱང་། དེ་མ་ཐག་རྫོང་དང་ཁུལ་རིམ་པ་སོགས་ནས་བདེ་འཇགས་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་བྱས་པ་དང་། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་བཀའ་ཡིན་ཚུལ་གྱིས་ཁོང་གི་སྐུ་ཕུང་མྱུར་དུ་མེད་པར་བཟོ་དགོས་བའི་བཙན་བཀའ་བཏང་བ་དང་། གལ་སྲིད་དེ་ལྟར་མ་བྱེད་པ་ཡིན་ན་དགོན་པར་དྲག་གནོན་བྱེད་རྒྱུ་སོགས་ཀྱི་འཇིགས་སྐུལ་བྱས་ཤིང་། ས་གནས་བོད་མི་ཚོས་དེ་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་པར་བརྟེན་རྩོད་རྙོག་ཡོང་སྲིད་པའི་ཉེན་ཁ་མཐོང་སྟེ། ཉིན་དེའི་དགོང་མོའི་ཆུ་ཚོད་༨པ་ཙམ་ལ་སྲུང་སྐྱོབ་དམ་པོའི་འོག་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་ཞིག་གི་ནང་སྐུ་ཕུང་བཙན་འཁྱེར་བྱས་ནས་བླ་བྲང་གི་བེམ་པོ་སྲེག་སར་སྐུ་ཕུང་མེད་པར་བཟོས་ཡོད་འདུག
རང་ལོ་ཞེ་གསུམ་ཙམ་ཡིན་པ་ཁོང་གིས་རང་སྲེག་མ་བཏང་སྔོན་ཁ་ཆེམས་ཀྱི་ཡི་གེ་ཞིག་ཀྱང་བཞག་ཡོད་པའི་ནང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་དུ་ཕེབས་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་ཐོབ་ཆེད། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་སེལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ཡིན་ཚུལ་དང་། བོད་མི་ཚོས་མཐུན་སྒྲིལ་བྱེད་དགོས་སྐོར་སོགས་བཀོད་ཡོད་འདུག།