གསེར་རྟ་དང་ཡ་ཆེན་སྒར་ལ་འགྲོ་མ་བཅུག་པར་ཕྱིར་སློག་བྱས་འདུག


2017.03.22
ཡ་ཆེན་སྒར། ༢༠༡༧།༢།༡༨ ཡ་ཆེན་སྒར། ༢༠༡༧།༢།༡༨
RFA

རྒྱ་ནག་གི་ཉེན་རྟོག་པས་གསེར་རྟ་དང་ཡ་ཆེན་ལ་བསྐྱོད་མཁན་ཕྱི་རྒྱལ་བ་ཁག་གཅིག་བཀག་ནས་འདྲི་རྩད་དང་འདྲ་མིན་བྱས་མཐར་ཕྱིར་སློག་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༢་བའི་ནང་རྒྱ་ནག་གི་ཁྲིམས་མཐུན་ཐོངས་མཆན་ཡོད་པའི་ཕྱི་རྒྱལ་བ་ཁག་གཅིག་རྒྱ་ནག་ཁྲིན་ཏུའུ་ནས་དཀར་མཛེས་ཁུལ་ཁོངས་ཀྱི་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་གཉིས་ལ་ལྟ་སྐོར་ཆེད་བསྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པ་ཡོང་ནས་བཀག་ཉར་འདྲི་རྩད་འདྲ་མིན་བྱས་མཐར་ཕྱིར་སློག་བྱས་འདུག
ཧྥ་རན་སིའི་མི་སེར་གསར་འགོད་པ་(Brice  Pedroletti)ལགས་ཡ་ཆེན་ནས་བཀག་འགོག་གིས་ཕྱིར་སློག་བྱས་བའི་ཁོངས་ནས་གཅིག་ཡིན་པ་དང་། ཁོང་གིས་བརྗོད་དོན། སྤྱི་ཟླ་༢བའི་ཚེས་༡༨་ཉིན་ཁོང་ཚོ་རོགས་པ་ཁག་གཅིག་གིས་རླངས་འཁོར་ཞིག་གླས་ནས་ཡ་ཆེན་སྒར་ལ་ལྟ་སྐོར་དུ་བསྐྱོད་པ་ཡིན། ཡ་ཆེན་སྒར་ལ་སླེབས་རྗེས་ཟ་ཁང་ཞིག་གི་ནང་ཟ་མ་ཟ་བར་བསྐྱོད་སྐབས། དེ་མ་ཐག་སྒྲིག་ཆས་མ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་པ་དྲུག་ཙམ་རྒྱུག་ཡོང་ནས་ང་ཚོར་བཀག་ཉར་བྱས་ཤིང་། ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་མཁན་ཡིན་པ་སོགས་འདྲི་རྩད་བྱས་སོང་། དེ་ནས་རིང་བོ་མ་སོང་བར་སྒྲིག་ཆས་གྱོན་པའི་རྒྱ་ནག་གི་ཉེན་རྟོག་པ་མང་པོ་འབྱོར་ནས་མུ་མཐུད་དུ་འདྲི་རྩད་འདྲ་མིན་བྱས་བྱུང་། ང་ཚོ་ལ་ཁྲིམས་མཐུན་གྱི་ཐོངས་མཆན་ཡོད་པར་བརྟེན་ཡུལ་སྐོར་ལ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་མང་པོ་ཉེན་རྟོག་པ་ཚོར་བཤད་ཀྱང་ཉན་འཇོག་མ་བྱས་པར་མ་ཟད།  རིམ་པས་ཡ་ཆེན་སྒར་དོ་དམ་མི་སྣ་དང་། ཉེན་རྟོག་པ་སོགས་མི་གྲངས་༣༠་ཙམ་ཡོང་ནས་ཆུ་ཚོད་༥་ལྷག་ལ་འདྲི་རྩད་འདྲ་མིན་བྱས་པ་ངོ་སྤྲོད་གནང་ཞིང་།  མཐར་ཁོང་ཚོའི་པར་ཆས་སྔོག་པ་སོགས་བྱས་རྗེས་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་ལ་ཐོ་འགོད་བྱས་ནས་མ་གཏོགས་གང་བྱུང་འགྲོ་བསྐྱོད་མི་ཆོག་པ་དང་། འདི་རྒྱ་ནག་ཡིན་པས་ངེས་བར་རྒྱ་ནག་གི་ཁྲིམས་ལ་བརྩི་བཀུར་བྱེད་དགོས་པ་སོགས་བཤད་བྱུང་ཅེས་ངོ་སྤྲོད་གནང་ཡོད་པ་རེད།  འོན་ཀྱང་ཕྱི་རྒྱལ་བ་དེ་དག་གིས་ཐོ་འགོད་སོགས་བྱས་མིན་འདུག་ཅིང་། ཕྱི་ཟླ་ ༢ ཚེས་ ༡༨ མཚོན་མོ་ཕྱི་རྒྱལ་བ་དེ་དག་ཡ་ཆེན་སྒར་གྱི་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་ཞིག་གི་ནང་བལྟ་སྲུང་ནན་པོའི་འོག་བཞག་ཏེ། ཕྱི་ཚེས ༡༩ སྔ་དྲོའི་ཚོུད་ ༩ ནང་ཚུད་ས་གནས་ནས་ཐོན་ཟིན་པ་དགོས་རྒྱུའི་བཀའ་བཏང་པ་ལྟར། ཉེན་རྟོག་པའི་རྗེས་འདེད་དང་བཅས་གསེར་རྟ་དང་ཡ་ཆེན་སྒར་འགྲོ་མ་ཐུབ་པའི་ཐོག་ནས་ཕྱིར་ལོག་བྱེད་དགོས་བྱུང་འདུག།
ཧྥ་རན་སིའི་གསར་འགོད་དེས་མུ་མཐུད།   ཁྲིམས་མཐུན་གྱི་ལག་འཁྱེར་ཡོད་མིན་ལ་མ་བལྟོས་བར་ཕྱི་རྒྱལ་བ་དང་། ལྷག་པར་ཕྱིའི་གསར་འགོད་པ་སོགས་དེང་སྐབས་དཀར་མཛེས་ཁོངས་ཀྱི་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་ལ་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་བཀག་སྡོམ་བྱེད་བཞིན་པ་མ་ཟད། གསེར་རྟ་བླ་རུང་སྒར་ལ་སླེབས་ལ་ཉེ་སར་གཞུང་ལམ་ཐོག་འགག་སྒོ་ཆེན་པོ་བཟོས་ནས་ཡོད་ཚད་ལ་རྟག་དཔྱད་བྱེད་བཞིན་པ་དངོས་སུ་མཐོང་བ་གསུངས་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ནང་བསྐྱོད་རྒྱུར་དམ་དྲག་བཀག་སྡོམ་ཤུགས་ཆེན་ཡོད་པ་མ་ཟད་། ཐོངས་མཆན་ཡོད་བཞིན་དུ་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གཞུང་ནས་དམིགས་བསལ་གྱི་མཆོག་མཆན་ཞུ་དགོས་ཀྱི་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎