བོད་ནང་མི་མང་གཞུང་ཁང་ཟེར་བ་ཆེད་འཛུགས་ཀྱིས་ཆབ་སྲིད་ཚོགས་འདུ་འདྲ་མིན་ཚོགས་བཞིན་ཡོད་འདུག

སྔར་ལོ་ནས་བཟུང་རྒྱ་ནག་གཞུང་གིས་གྲོང་གསེབ་འཕེལ་རྒྱས་ཞེས་པའི་ལས་གཞི་ཡོངས་བསྒྲགས་བྱས་ཡོད་པ་དང་འབྲེལ། ལས་གཞི་དེའི་འོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་གསེབ་ཁག་ཏུ་མི་མང་གཞུང་ཁང་ཟེར་བ་ཆེད་འཛུགས་ཀྱིས། བོད་ནང་གི་གྲོང་གསེབ་ཁག་ཅིག་ནང་བོད་མི་ཚོར་ཉིན་རེ་བཞིན་སྲིད་གཞུང་གི་ཆབ་སྲིད་དགོངས་དོན་ཟེར་བ་དྲིལ་བསྒྲགས་འདྲ་མིན་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཕྱོགས་ཀྱི་སྐྱེས་དགུ་མདོ་དང་། མགོ་ལོག་ཁུལ་རྨ་སྟོད་རྫོང། དེ་བཞིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང། ཉག་ཆུ་རྫོང་སྟོད་གནས་སྡེ་བའི་གྲོང་ཚོ་རེ་རེར་མི་མང་གཞུང་ཁང་རེ་འཛུགས་སྐྲུན་བྱས་ཏེ། ཡུལ་མི་ཚོར་སྲིད་གཞུང་གི་ཁ་ལ་ཉན་པ་དང་བཀའ་བརྩི་དགོས་པ་སོགས་ཆབ་སྲིད་དྲིལ་བསྒྲགས་བྱེད་བཞིན་ཡོད་སྐོར། བོད་ནང་དང་བཙན་བྱོལ་ནང་གནས་སྡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། གཞུང་ཁང་ཟེར་བ་དེ་དག་གི་དམིགས་ཡུལ་གཙོ་བོ་གྲོང་གསེབ་ཁུལ་གྱི་བོད་མི་ཚོར་རྒྱ་ནག་གི་སློབ་གསོ་སྤྲོད་རྒྱུའི་དམིགས་ཡུལ་ཡིན་པ་མངོན་གསལ་ཡིན་པ་དང་། མི་མང་གཞུང་ཁང་ཟེར་བ་དེ་སྲིད་གཞུང་གིས་སྡོད་ཁང་སྤྲོད་ས་ཚོར་འཛུགས་སྐྲུན་ཤུགས་ཆེན་བྱེད་བཞིན་འདུག་ལ། མགོ་ལོག་རྨ་སྟོད་ཕྱོགས་སུ་ཁྲིམས་ཁྲིམས་ལུགས་སློབ་སྦྱོང་སྤྲོད་དགོས་པའི་ཚོགས་འདུ་ཚོགས་བཞིན་ཡོད་པ་དང་། ཁྱིམ་ཚང་གཅིག་ནས་ནང་མི་རེ་ཚོགས་འདུར་བཅར་མཁན་ངེས་པར་ཡོང་དགོས་པ་དང་། ཚོགས་འདུ་བཅར་མཁན་མེད་ཚེ་གཞུང་གི་ལམ་ལུགས་ལ་ངོ་རྒོལ་བྱས་སྐོར་བརྗོད་ནས། གོང་རིམ་གྱི་རོགས་རམས་མཚམས་འཇོག་རྒྱུ་ཡིན་པ་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཡང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་མཁན་གཅིག་ནས། ཉག་ཆུ་རྫོང་སྟོད་གནས་གྲོང་ཚོའི་ནང་གྲོང་ཚོ་གཅིག་གི་འོག་ནས་སྡེ་བ་རེ་རེ་བྱས་ཏེ་ཚོགས་ཁང་དྲུག་འཛུགས་སྐྲུན་བྱས་ཡོད་པ་དང་། ཚོགས་འདུ་གཙོ་བོ་སྲིད་གཞུང་གི་ཆབ་སྲིད་སློབ་གསོ་རྐྱང་ཡིན་པ་མ་ཟད། ཡུལ་དེའི་སྐྱེས་པ་ཚོར་གྲི་དང་མཚོན་ཆ་རིགས་འཁྱེར་མི་ཆོག་པ་དང། དེ་བཞིན་ཡུལ་མི་ཚོར་ལོ་སར་སྐབས་ལྟ་བུར་མཚོན་ན་མེ་སྐྱོན་ལ་ཡིད་གཟབ་དགོས་སྐོར་བརྗོད་ནས། བསང་གསོལ་རིགས་ཀྱང་བྱེད་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་འདུག་ལ། ཚོགས་འདུ་དེ་དག་ལ་ངེས་པར་ཁྱིམ་ཚང་རེ་ནས་མི་གཅིག་ངེས་པར་ཡོང་དགོས་ན་ཡང་། མ་ཡོང་ན་ཉེས་ཆད་ག་རེ་ཡོད་ལྟ་བུ་ཞིབ་ཕྲའི་གནས་ཚུལ་འདྲི་བདེ་བོ་བྱུང་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
གྲོང་གསེབ་ཁུལ་དུ་གཞུང་ཁང་འཛུགས་སྐྲུན་ཟེར་བ་དེ་རྒྱ་ནག་གི་གྲོང་གསེབ་འཕེལ་རྒྱས་ཟེར་བའི་ལས་གཞིའི་ཁྲོད་ཀྱི་གཅིག་ཡིན་པ་དང་། བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་གྲོང་གསེབ་འཕེལ་རྒྱས་ཟེར་བ་དེ་སྔར་ལོ་ནས་འགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེ་གཙོ་བོ་གྲོང་གསེབ་ཁུལ་དུ་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་ཐབས་ལ་དམིགས་ཡོད་པ་དང་། ལས་གཞི་དེ་དང་འབྲེལ་ནས་མི་མང་གཞུང་ལས་ཁང་ཞེས་རྒྱ་ནག་གཞུང་འབྲེལ་ལས་གཞི་ཁག་ལག་བསྟར་མགྱོགས་པོ་གཏོང་ཐབས་དང་། ཕྱོགས་ཡོངས་ནས་བོད་ཀྱི་ཞིང་འབྲོག་མིང་ཚོགས་ལ་རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་ཁྱབ་སྤེལ་ཐབས་ཤིག་ཡིན་སྐོར་བརྗོད་བྱུང་།
གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་བྱས་པའི་ལས་འགུལ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ལོར་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་གཞི་ཞེས་པ་མཇུག་བསྡུས་རྗེས། གྲོང་གསེབ་ཁག་བསྐྱར་དུ་དབུལ་བོར་མི་ཆགས་ཆེད་སྤེལ་བའི་ལས་འགུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལམ་དུ།གཞི་རིམ་གྲོང་གསེབ་འཕེལ་རྒྱས་ཀྱི་དམིགས་འབེབས་ནི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ།མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ་བཅས་ཡིན་སྐོར་བཀོད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།