རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཁག་ཅིག་ཕྱིར་གྱར་བྱུང་བ།
2019.11.25

རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསི་ཐན་ནང་གི་ངལ་རྩོལ་བསྒྱུར་བཀོད་རྭ་བ་དེ་དག་འཛིན་སྐྱོང་ཇི་ལྟར་བྱེད་ཕྱོགས་དང་འབྲེལ་བའི་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཁག་ཅིག་ཕྱིར་གྱར་བྱུང་ཡོད་པ་རེད།
ཟླ་བ་འདིའི་སྤྱི་ཚེས་༢༤ཉིན་རྒྱལ་སྤྱིའི་ཞིབ་དཔྱོད་གསར་འགོད་པའི་མཐུན་ཚོགས་སམ་ (International Consortium of Investigative Journalist ཞེས་པར་ལག་ཐོབ་བྱུང་བའི་རྒྱ་ནག་གཞུང་གིས་གསང་བའི་ཡིག་ཆ་དེ་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་གསར་འགོད་ལས་ཁང་བཅུ་བདུན་གྱིས་གནས་ཚུལ་བཀོད་སྤེལ་བྱས་ཤིང་། ཡིག་ཆ་དེའི་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ཡུ་གུར་བ་མི་གྲངས་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱེད་པ་དེ་དག་ཐོག་སྟངས་འཛིན་ཧ་ཅང་ནན་པོ་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། ཤོག་གྲངས་ ༤༠༠ ལྷག་ཡོད་པའི་ཡིག་ཆ་དེའི་ནང་ངལ་རྩོལ་བསྒྱུར་བཀོད་རྭ་བའམ་བཀག་ཉར་ཁང་དེ་དག་གི་ནང་བཀག་སྐྱིལ་བྱེད་པ་ཚོ་བྲོས་བྱོལ་དུ་མི་འགྲོ་རྒྱུའི་ཆེད་ཁོང་ཚོ་འཇུག་ཡུལ་གྱི་ཁང་པ་ཁག་གི་སྒོར་སྒོ་ལྕག་གཉིས་བརྩེགས་བརྒྱབ་པ་དང་གསང་སྤྱོད་བེད་སྤྱོད་བྱེད་སྐབས་ཡང་བལྟ་སྲུང་བྱེད་དགོས་པ་སོགས་ཡིག་ཆ་དེའི་ནང་བཀོད་ཡོད་འདུག
རྒྱ་ནག་གི་མི་རིགས་གནད་དོན་སྐོར་གྱི་ཉམས་ཞིབ་པ་དང་ཨོསི་ཊརེ་ལི་ཡའི La Trobe གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ James Leibold ཡིས། ད་ཐེངས་ཡིག་ཆ་ཕྱི་གྱར་བྱུང་བ་དེས་རྒྱ་ནག་གུང་བྲན་ཏང་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་རྭ་བ་དེ་དག་ཤིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་བ་གཞན་ཚོར་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་ཡིན་ལུགས་བརྗོད་བཞིན་པ་དེ་ཡོངས་སུ་མི་བདེན་པ་བཟོས་ཡོད་པ་རེད་ཅེས་དང་། དེ་ལས་ལྡོག་སྟེ་བཀག་སྐྱིལ་ཁང་དེ་དག་ནི་རྒྱ་ནག་དམར་པོའི་གཞུང་རང་གི་བརྗོད་ཚིགས་ལྟར། འཆར་གཞི་ལྡན་ཞིང་། བཙན་དབང་དང་ཁྲིམས་ལུགས་དང་མ་མཐུན་པའི་བཀག་སྐྱིལ་བྱ་ཡུལ་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད་པ་གསུངས་འདུག
ཡིག་ཆ་དེ་དང་འབྲེལ་བའི་གནས་ཚུལ་བཀོད་སྤེལ་བྱས་མཁན་རྒྱལ་སྤྱིའི་གསར་འགོད་ལས་ཁང་བཅུ་བདུན་གྱི་ཁོངས་ནས་གཅིག་ནི་དབྱིན་ཇིའི་ གྷར་ཌིཡན་ The Guardian གསར་ལས་ཁང་ཡིན་ཞིང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕྱིར་གྱར་བྱུང་བའི་ཡིག་ཆ་དེ་ནི་ཡོངས་སུ་རྫུན་བཟོ་བྱས་པ་ཞིག་ཡིན་ལུགས་བརྗོད་འདུག།