རྒྱ་ནག་གཞུང་གིས་བོད་ཀྱི་ལོ་སར་བསླེབ་ལ་ཉེ་བ་དང་བསྟུན་ལྷ་ས་ཁུལ་དུ་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཡིན་སྐོར་བརྗོད་ནས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་འདུག

2023.02.10
རྒྱ་ནག་གཞུང་གིས་བོད་ཀྱི་ལོ་སར་བསླེབ་ལ་ཉེ་བ་དང་བསྟུན་ལྷ་ས་ཁུལ་དུ་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཡིན་སྐོར་བརྗོད་ནས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་འདུག ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༨ ཉིན་ལྷ་སའི་བར་སྐོར་ནང་རྒྱ་ནག་གི་དྲག་ཆས་དམག་མིས་སྐོར་གཡེང་བྱེད་བཞིན་པའི་པར་རིས།
སྤྱི་ཚོགས་དྲ་ལམ།

ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་བོད་ཀྱི་ལོ་སར་དུས་སྟོན་རོལ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་ལྷ་ས་ཡོངས་སུ་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་དང་། ཞིབ་བཤེར་ས་ཚིགས་གསར་སྐྲུན་གྱིས་མི་མང་གི་འགྲོ་སྐྱོད་ལ་ལྟ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ལྷ་ས་ཁུལ་དུ་གཞུང་འབྲེལ་ངོས་ནས་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས། མི་མང་གིས་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་དགོས་སྐོར་བརྗོད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་བརྗོད་དོན་ལ། ཉེན་རྟོག་པ་འགྲེམས་འཇོག་བྱེད་ཡུལ་གཙོ་བོ་བོད་མི་མང་པོ་འདུ་འཛོམས་བྱེད་ཡུལ། ལྷ་སའི་གཙུག་ལག་ཁང་དང་བར་སྐོར་གླིང་ཡིན་པ་དང་། དེ་སྔ་ཉེན་རྟོག་པ་དང་དམག་མི་མང་པོ་མེད་ན་ཡང་ཕྱི་ཟླ་༢པའི་ཚེས་མགོ་ནས་བར་སྐོར་དང་ཕོ་བྲང་པོ་ཏའི་སྐོར་ལམ་དུ་དམག་མི་མང་པོ་འགྲེམས་འཇོག་གིས་སྐོར་གཡེང་དང་། མཚམས་རེར་གང་བྱུང་དུ་བར་སྐོར་ནང་སྐད་ཤུགས་ཆེན་པོས་དམག་སྦྱོང་སོགས་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་སྐོར་ནས་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པས་བོད་མི་ཚོས་གནད་དོན་དེ་རིགས་ཐད་ཡིད་གཟབ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྤྱིར་འདི་ལོ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གཞན་བླ་བྲང་དང་སྐུ་འབུམ་སོགས་སུ་སྨོན་ལམ་དང་འབྲེལ་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་དང་། དད་ལྡན་མི་མང་གི་འགྲོ་འདུག་ཐད་ལྟ་བཤེར་ཤུགས་ཆེར་བྱས་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་གཞན་དེས་ད་ལྟའི་ཆར་མདོ་སྨད་ཕྱོགས་ནས་ལྷ་སར་མཆོད་མཇལ་བ་ཤུགས་ཆེར་ཡོང་གི་ཡོད་པ་དང་། མཆོད་མཇལ་སོགས་ཀྱི་སྐབས་སུ་ལྷ་ས་ནས་ས་ཆ་གང་དག་ལ་སོང་ཡོད་སོགས་ཀྱི་ཞིབ་བཤེར་ས་ཚིགས་རེ་རེ་ནས་སྟོན་དགོས་པ་དང་། ལྷ་སའི་གཙུག་ལག་ཁང་ལ་སྔ་དྲོ་དང་ཕྱི་དྲོའི་ཆུ་ཚོད་༦པ་མ་གཏོགས་རྒྱུན་ལྡན་ལྟར་མཆོད་མཇལ་བྱེད་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་ངོས་ནས་ནམ་རྒྱུན་ལྷ་ས་ཁུལ་དུ་མི་མང་འདུ་འཛོམས་དང་དུས་དྲན་སོགས་ཀྱི་སྐབས་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། ཕྱི་ཚེས་༨ཉིན་ལྷ་སར་ཡོད་པའི་རྒྱ་མི་ཡུལ་སྐོར་བ་ཞིག་གིས་རང་གི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་དུ། ནམ་རྒྱུན་ལྷ་སར་ཡོང་ན་བདེ་འཇགས་ཡོད་པ་མ་རེད་བཤད་སྲོལ་ཡོད་པ་རེད། ད་ལྟའི་ཆར་ལྷ་ས་ཡོངས་དམག་གིས་སྐོར་ནས་ཡོད་པས་བདེ་འཇགས་ཐད་སེམས་འཚབ་དགོས་པ་མི་འདུག་ཅེས་ཟུར་ཟ་དང་བཅས་བཤད་བཞིན་པ་མཐོང་རྒྱུ་འདུག་ལ། སྤྱིར་རྒྱ་ནག་གཞུང་གིས་འདི་ལོ་བོད་ནང་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཉིན་ཤས་སྔོན་ཁྱུང་མཆུ་དང་རྔ་བ་ཕྱོགས་སུ་སྤྱི་ཚོགས་ཆེད་ཡིན་སྐོར་བརྗོད་ནས་ཡིག་ཆ་ཞིག་ལ་ས་ཡིག་ཀྱང་རྒྱག་བཅུག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎