བོད་དིང་རིའི་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་དང་པོར་བཞུགས་སྒར་དུ་བོད་ཆོལ་གསུམ་ཚོགས་པ་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པ།
ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཆོལ་ཁ་གསུམ་གྱི་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག བོད་དིང་རིའི་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་དང་པོར་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་བ་དང་། བདུན་ཚིགས་དང་པོའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་དང་། བོད་བསྟན་པ་རྒྱས་པ། ལྷག་དོན་ཕྱི་ཚེས ༧ ཉིན་བོད་དིང་རི་ཁུལ་དུ་ས་ཡོམ་ཚད་རིམ་ ༧་༡ བྱུང་བའི་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པའི་ཁར། མི་གྲངས་ ༡༢༦ ལྷག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་བདུན་ཚིགས་དང་པོ་དང་བསྟུན་ནས་གོ་སྒྲིག་ཞུས་ཡོད་སྐོར། མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་མཁན་ཁོངས་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། མ་ཟད་ཁོང་གིས། མཆོད་འབུལ་སྨོན་ལམ་དེ་བཞིན་བོད་ཀྱི་མགོ་ལོག་དང་། ནག་ཆུ་ས་ཁུལ་དུ་བྱུང་བའི་ས་ཡོམ་དང་། ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇེ་ལི་སི་ (Los Angeles) དང་། སན་ཧྤེ་རེན་སིས་ཀོ་ (San Francisco) ཁུལ་དུ་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་པ་སོགས་ཀྱི་ཆེད་དུའང་དམིགས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་ནས་མུ་མཐུད་གསུངས་དོན། ད་ལན་གྱི་གོད་ཆག་དེའི་ཁྲོད་བོད་ནང་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་ཁག་ཏུ་རྒྱབ་སྐྱོར་ཕན་གྲོགས་དང་། གདུང་སེམས་མཉམ་སྐྱེད་གནང་བཞིན་པ་ནི་སེམས་འགུལ་ཐེབས་གཞི་ཞིག་ཡིན་པ་དང་། ཡོང་འགྱུར་ས་ཡོམ་རྐྱེན་གྱིས་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་བདུན་ཚིགས་གཉིས་པ་དང་། གསུམ་པ། ལྔ་པ། དྲུག་པ་བཅས་ལ་ཆོས་བརྒྱུད་ཁག་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་རྒྱུ་དང་། བདུན་ཚིགས་བཞི་པ་དང་། བདུན་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁའི་དབུས་སའི་རྒྱུན་ལས་དང་། སྟོད་པ་སྐྱིད་སྡུག ཤེལ་དཀར་སྐྱིད་སྡུག་ཐུན་མོང་ནས་མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུངས་བྱུང་།
རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་བོད་དིང་རི་ཁུལ་དུ་ས་ཡོམ་ཚད་རིམ་ ༧་༡ བྱུང་བའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་མི་རྐྱེན་འདས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པ་མང་དག་ཅིག་བྱུང་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། ལྷག་པར་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང་། བོད་མི་སྒྲིག་འཛུགས་མཚོན་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞུས་དང་ཞུ་མུས་ཡིན་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།